ཨ་མེ་རི་ཁའི་ཐི་ལིང་ཕུའུ་སྲིད་གཞུང་གིས་ཚེས2ཉིན་ཆེས་མཐོའི་ཁྲིམས་ཁང་ལ་གོང་གཏུག་བྱས་ནས་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས་དེའི་སྔོན་ཁྱབ་བསྒྲགས་བྱས་པའི་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞི་དང་སྲིད་གཞུང་ལས་ཕྱོད་པུའུ་ཡིས་གཞི་ཁྱོན་ཆེ་བའི་སྒོ་ནས་ལས་མི་ཉུང་གཏོང་དང་སྒྲིག་གཞི་བསྐྱར་སྒྲིག་འཆར་གཞིར་སྐུལ་འདེད་གཏོང་བར་བཀག་འགོག་བྱེད་པའི་གནས་སྐབས་བཀག་རྒྱ་རྩིས་མེད་དུ་གཏོང་དགོས་པའི་རེ་བ་བཏོན།
ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་གཞོན་པ་ཡོ་ཧན·སུའོ་ཨེར་གྱིས་ཞུ་གཏུག་ཡི་གེའི་ནང་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞིའི་མི་དོན་ཚོད་འཛིན་དབང་ཆ་ནི་ཙུང་ཐུང་གི་སྲོག་ཤིང་དབང་ཆ་ཡིན་པ་དང་། ཙུང་ཐུང་གིས་རྒྱལ་ཚོགས་ཀྱི་དམིགས་བསལ་ཆོག་མཆན་མི་དགོས་པར་དེའི་རྩ་ཁྲིམས་ཀྱི་སྲོག་ཤིང་དབང་ཆ་སྤྱོད་ཆོག་ཟེར།
ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྐོར་སྐྱོད་གོང་གཏུག་ཁྲིམས་ཁང་དགུ་པས་ཟླ5ཚེས30ཉིན་ཐི་ལིང་ཕུའུ་སྲིད་གཞུང་གི་གོང་གཏུག་ཕྱིར་སློག་བྱས་ནས་ཅཱ་ལི་ཧྥུའུ་ཉི་ཡ་བྱང་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན་དབྱི་ཨེར་སི་ཏུན་གྱིས་དེའི་སྔོན་ཁྱབ་བསྒྲགས་བྱས་པའི་གནས་སྐབས་བཀག་རྒྱ་ཞིག་རྒྱུན་འཁྱོངས་བྱས་པ་སྟེ། རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞི་དང་སྲིད་གཞུང་གི་ལས་ཕྱོད་པུའུ་ཡིས་གཞི་ཁྱོན་ཆེ་བའི་སྒོ་ནས་ལས་མི་ཉུང་གཏོང་དང་སྒྲིག་གཞི་བསྐྱར་སྒྲིག་འཆར་གཞིར་སྐུལ་འདེད་གཏོང་རྒྱུ་བཀག་འགོག་བྱས་པ་རེད། སྐོར་སྐྱོད་གོང་གཏུག་ཁྲིམས་ཁང་དགུ་པས་གཞི་ཁྱོན་ཆེ་བའི་སྒོ་ནས་ལས་མི་ཉུང་གཏོང་དང་སྒྲིག་གཞི་བསྐྱར་སྒྲིག་བྱས་པ་དེས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་མ་ལག་དང་དམག་ཁོངས་ལས་བུད་པའི་དམག་མིའི་སྨན་བཅོས་བདེ་སྲུང་སོགས་ཁྱབ་ཁོངས་མང་པོར་ཤུགས་རྐྱེན་ཚབས་ཆེན་བཟོ་སྲིད་པས་གཏུག་བཤེར་ཞིབ་གཅོད་བྱེད་པའི་སྐབས་སུ་ལག་བསྟར་བྱེད་མཚམས་འཇོག་དགོས་པར་འདོད།
དབྱི་ཨེར་སི་ཏུན་གྱིས་ཟླ5ཚེས9ཉིན་དུས་ཡུན་གཟའ་འཁོར་གཉིས་ཀྱི་གནས་སྐབས་བཀག་རྒྱ་ཁྱབ་བསྒྲགས་བྱས་ནས་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞིས་ཐི་ལིང་ཕུའུ་ཡིས་ཟླ2པར་མིང་རྟགས་བཀོད་པའི་འབྲེལ་ཡོད་སྲིད་འཛིན་བཀའ་རྒྱ་དང་དེ་བཞིན་ཕོ་བྲང་དཀར་པོའི་དོ་དམ་དང་སྔོན་རྩིས་གཞུང་སྒྲུབ་ཁང་གིས་དེའི་རྗེས་ཁྱབ་བསྒྲགས་བྱས་པའི་ཟིན་ཐོ་ལག་བསྟར་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན། དབྱི་ཨེར་སི་ཏུན་གྱིས་ད་དུང་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞིས་ཐི་ལིང་ཕུའུ་ཡི་སྲིད་འཛིན་བཀའ་རྒྱ་གཞིར་བཟུང་ནས་ཁྱབ་བསྒྲགས་བྱས་པའི་ལས་མི་ཉུང་གཏོང་གི་གཏན་འབེབས་གང་རུང་མེད་པར་བཟོས་ནས་སྲིད་འཛིན་ངལ་གསོ་བྱས་པའི་སྲིད་གཞུང་གི་ལས་དོན་མི་སྣའི་ལས་གནས་སླར་གསོ་བྱེད་དགོས་པར་མ་ཟད་དེ་མཚུངས་ཀྱི་ཁ་གསབ་སྤྲོད་དགོས་པའི་བླང་བྱ་བཏོན། ཟླ5ཚེས22ཉིན། ཅཱ་ལི་ཧྥུའུ་ཉི་ཡ་བྱང་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་གིས་ཡང་བསྐྱར་བཀག་རྒྱ་དུས་བཀག་མེད་པར་ནར་འགྱངས་བྱ་རྒྱུའི་ཁྲུན་ཐག་བཅད། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡིས་དེའི་ཕྱི་ཉིན་སྐོར་སྐྱོད་གོང་གཏུག་ཁྲིམས་ཁང་དགུ་པར་གོང་གཏུག་བྱས།