ཨེ་ཅིབ་ཀྱི་སྲིད་འཛིན་དང་དབྱི་ལང་གི་ཕྱི་འབྲེལ་དཔོན་པོས་ས་ཁུལ་གྱི་ཛ་དྲག་གནས་བབ་ཐད་བགྲོ་གླེང་བྱས།
2025.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་སྲིད་འཛིན་བཞུགས་ཤག་གིས་ཚེས2ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་ཡིས་ཉིན་དེར་ཁེ་རོ་རུ་འཚམས་འདྲིར་ཡོང་བའི་དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཨ་ལཱ་ཀི་ཆི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་ཛ་དྲག་གནས་བབ་ཐད་བགྲོ་གླེང་བྱས།

གསལ་བསྒྲགས་ལས་བཤད་རྒྱུར། སའེ་ཞི་ཡིས་ཨེ་ཅིབ་ཀྱི་དབུས་ཤར་ས་ཁུལ་གྱི་འགལ་བ་ཇེ་ཆེར་གཏོང་བའི་ལངས་ཕྱོགས་ལ་རྒོལ་བ་བསྐྱར་བསྒྲགས་བྱས་པར་མ་ཟད། རིམ་སྤོར་གནས་ཚུལ་གང་རུང་གིས་ས་ཁུལ་དེ་དམག་འཁྲུག་སྔར་ལས་ཆེན་པོའི་གྲས་སུ་ཚུད་སྲིད་ལ། ས་ཁུལ་གྱི་རྒྱལ་ཁབ་ཚང་མའི་བདེ་འཇགས་དང་གཏན་འཇགས་ཐད་མཇུག་འབྲས་ཚབས་ཆེན་བཟོ་སྲིད་པའི་ཐ་ཚིག་བསྒྲགས། ཁོས་གནས་བབ་ཞི་ལྷོད་དུ་གཏོང་རྒྱུ་ཁ་ཚ་དགོས་གཏུགས་ཏུ་གྱུར་ཡོད་པས། དབྱི་ལང་དང་ཨ་རིའི་གྲོས་མོལ་དེ་ཧ་ཅང་གལ་ཆེན་ཞིག་ཡིན་པར་བསྟན། མཚོ་ཐོག་གི་བདེ་འཇགས་གནད་དོན་ཐད། སའེ་ཞི་ཡིས་མཱན་ཏི་མཚོ་འགག་དང་མཚོ་དམར་གྱི་མཚོ་འགྲུལ་སླར་གསོ་བྱེད་པའི་འབོད་སྐུལ་བཏང་།

གསལ་བསྒྲགས་ལྟར་ན། ཨ་ལཱ་ཀི་ཆི་ཡིས་གྲོས་མོལ་ལས་ཨེ་ཅིབ་ཀྱིས་ས་ཁུལ་གྱི་གཏན་འཇགས་སླར་གསོ་བྱེད་པའི་ཐད་ནུས་པ་བཏོན་པར་བསྟོད་བསྔགས་བྱས་ཤིང་། དེ་དང་མཉམ་དུ། དབྱི་ལང་གིས་ཨེ་ཅིབ་དང་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས་ཟེར། 

དབྱི་ལང་དུ1979ལོར་དབྱི་སི་ལན་གྱི་གསར་བརྗེ་བྱས་ནས་པཱ་ལེ་ཝེའི་རྒྱལ་རབས་མགོ་རྟིང་བསློགས། ལོ་དེར། ཨེ་ཅིབ་དང་དབྱི་སི་རལ་གྱིས་ཞི་བདེའི་ཆིངས་ཡིག་བཀོད་པར་མ་ཟད། དབྱི་ལང་གི་ཡུལ་གྱར་རྒྱལ་པོར་ཆབ་སྲིད་ཀྱི་འགེབས་སྲུང་འདོན་སྤྲོད་བྱས་པ་དང་། དབྱི་ལང་གིས་དེར་བསྟུན་ནས་ཨེ་ཅིབ་དང་འབྲེལ་ཐག་གཅོད་པ་ཁྱབ་བསྒྲགས་བྱས། རྒྱལ་ཁབ་གཉིས་ཀྱིས་འབྲེལ་ཐག་བཅད་རྗེས། ཨེ་ཅིབ་དང་དབྱི་ལང་གིས་ཕན་ཚུན་རྒྱལ་ཁབ་ཏུ་ཁེ་ཕན་འཐུས་ཚབ་ཁྲུའུ་བཙུགས་པ་དང་། ཕྱི་འབྲེལ་ལས་དོན་ཚབ་བསྒྲུབས་བྱས། ཉེ་བའི་ལོ་འགའི་རིང་། ཨེ་ཅིབ་དང་དབྱི་ལང་གི་འབྲེལ་བ་ཇེ་ལེགས་སུ་གྱུར་བ་དང་། ལྷག་པར་དུ2023ལོར་དབྱི་ལང་དང་སི་ཏི་ཨ་རབ་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་རྗེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་འགོ་བརྩམས། 

ལྷ་མོ་འཚོས་བསྒྱུར།