ཚེས3ཉིན་ཝུའུ་ཀན་ཏའི་དམག་ཕྱོགས་ཀྱིས་ཉིན་དེར་རྒྱལ་ས་ཁན་ཕ་ལ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་ཀྱི“དམངས་གཙོ་མནའ་འབྲེལ་དམག་དཔུང”གིས་ཇུས་འགོད་ལག་བསྟར་བྱས་པའི་འབར་མདེལ་འཇབ་རྒོལ་གྱི་ལྐོག་ཇུས་ཕམ་པར་བྱས་པ་ཡིན་ཟེར།
ཝུའུ་ཀན་ཏའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཁེ་ལི་སི་མ་ཀའེ་ཆི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉིན་དེའི་ཞོགས་པར་དམག་ཕྱོགས་ཀྱིས་ཆོས་ཁང་ཞིག་དང་བར་ཐག་སྨི600ཙམ་གྱི་མཚམས་སུ་འཕྲུལ་རྟ་ཞིག་བཀག་པ་དང་། འཕྲུལ་རྟའི་སྟེང་གི་མི་གཉིས་ཀྱིས་རང་གི་ཐོབ་ཐང་དང་ཁྱེར་ཡོད་པའི་དངོས་རྫས་གསལ་བཤད་མ་བྱས་པ་དང་། དེའི་ཁྲོད་ཀྱི་དོགས་ཡོད་མི་སྣ་བུད་མེད་ཞིག་གིས་ཁ་གཏད་བྱེད་སྐབས་འབར་གས་སྒྲིག་ཆས་འགས་གཏོར་བཏང་པས་མི་གཉིས་ཡུལ་དངོས་སུ་ཚེ་ལས་འདས།
མ་ཀའེ་ཆི་ཡིས་དོགས་ཡོད་མི་སྣ་བུད་མེད་དེའི་ཁྱོ་ག་དང་ཨ་ཕ་ཚང་མ་ཤི་བ་དང་། ཁོ་ཚོ་ཚང་མ་འཇིགས་སྐུལ་བྱ་འགུལ་ནང་ཞུགས་མྱོང་ཞེས་བཤད། དོགས་ཡོད་ཉེས་ཅན་དེས་མིང་རྫུན་མ་མང་པོ་སྤྱད་ཡོད་ཅིང་། 2023ལོར་དུས་ཐུང་འཛིན་བཟུང་བྱས་མྱོང་ཡོད། མ་ཀའེ་ཆི་ཡིས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། དམག་ཕྱོགས་ཀྱིས“དམངས་གཙོ་མནའ་འབྲེལ་དམག་དཔུང”གི་ཁོངས་མི་ཞིག་འཛིན་བཟུང་བྱས་པ་དང་མི་དེས་འཇབ་རྒོལ་དེ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ཞུ་གཏུག་བྱས་ཡོད་པ་རེད།
མ་ཀའེ་ཆི་ཡིས་བཤད་རྒྱུར། ཝུའུ་ཀན་ཏའི་མངའ་ཁོངས་སུ“དམངས་གཙོ་མནའ་འབྲེལ་དམག་དཔུང”གི་ཁོངས་མི་དེ་ལས་མང་པོ་ཡོད་སྲིད་པ་དང་། བདེ་འཇགས་དཔུང་སྡེའི་ཉེན་ཟོན་རིམ་པ་མཐོ་རུ་བཏང་ཡོད་ཅེས་ཐ་ཚིག་བསྒྲགས། ཁོས་སྤྱི་དམངས་ཀྱིས་དོགས་ཟོན་བྱས་ནས་དོགས་པ་ཡོད་པའི་མི་སྣ་དང་བྱ་འགུལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པའི་འབོད་སྐུལ་བཏང་།
དུས་རབས20པའི་ལོ་རབས90པའི་དུས་མཇུག་ཏུ། ཝུའུ་ཀན་ཏའི“དམངས་གཙོ་མནའ་འབྲེལ་དམག་དཔུང”ཝུའུ་ཀན་ཏའི་སྲིད་གཞུང་གིས་ཕམ་པར་བྱས་རྗེས། ད་བར་དུ་ཁོང་ཀོ(ཅིན)ཤར་རྒྱུད་ས་ཁུལ་བཟུང་ནས་བསྡད་པ་རེད། ཝུའུ་ཀན་ཏའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་བ་ལས“དམངས་གཙོ་མནའ་མཐུན་དམག་དཔུང”གིས་ད་དུང་ཁོང་ཀོའི(ཅིན)དམག་དཔུང་དང་མང་ཚོགས། དེ་མིན་ཁོང་ཀོ(ཅིན)རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་དམག་དཔུང་ལ་འཇབ་རྒོལ་བྱེད་ཀྱི་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།