དབྱི་ལང་གི་ཙུང་ཐུང་ཕའེ་ཙི་ཞིས་ཆི་དབྱང་གིས་ཚེས3ཉིན་དབྱི་ལང་དང་ཨ་རིའི་བརྒྱུད་པའི་གྲོས་མོལ་ལ་དམིགས་ནས་བསྟན་དོན། དབྱི་ལང་གིས་གྲོས་མོལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་མོད། བཙན་དབང་དང་ཕྱོགས་རྐྱང་བའི་བླང་བྱའི་རྨང་གཞིའི་སྟེང་གྲོས་མོལ་བྱེད་མི་རུང་ཟེར།
དབྱི་ལང་གི་ཙུང་ཐུང་དྲ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཕའེ་ཙི་ཞིས་ཆི་དབྱང་གིས་ཉིན་དེར་ནེའུ་ཙི་ལན་གྱི་དབྱི་ལང་དུ་སྡོད་པའི་ཕོ་ཉའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། ད་ལྟ་དངོས་སུ་སྤེལ་བཞིན་པའི་དབྱི་ལང་དང་ཨ་རིའི་བརྒྱུད་པའི་གྲོས་མོལ་ཐད་ནས་བཤད་ན། ཕྱོགས་གང་རུང་གིས་བཙན་དབང་གི་སྲིད་ཇུས་བཀོལ་མི་རུང་ཟེར། ཁོས་དབྱི་ལང་གིས་ཉིང་རྡུལ་མཚོན་ཆ་བེད་སྤྱོད་མི་བྱེད་པ་གསལ་བོར་བསྟན་པར་མ་ཟད། ཐོག་མཐའ་བར་གསུམ་དུ་མཉམ་ལས་ལ་བརྟེན་ནས་ལངས་ཕྱོགས་འདི་བདེན་དཔང་བྱེད་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས།
ཕའེ་ཙི་ཞིས་ཆི་དབྱང་གིས་བཤད་རྒྱུར། ས་ཁུལ་གྱི་སྲིད་དབང་ག་གེ་མོས་སྟོབས་ལྡན་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་ཏུ་ནག་ཉེས་བཟོས་རྗེས། ཕྱོགས་གཞན་པ་དེ་ས་ཁུལ་གྱི་བདེ་འཇགས་དང་ཞི་བདེར་འཇིགས་སྣང་སྐུལ་བའི་སྟོབས་ཤུགས་སུ་བརྩིས་ནས་རང་ངོས་ཀྱི་བླང་བྱ་མངོན་འགྱུར་བྱེད་ཀྱིན་ཡོད་པས། བྱ་སྤྱོད་འདི་དག་གཏན་ནས་དང་ལེན་བྱེད་མི་སྲིད་ཟེར། ཁོས་ད་རུང་བསྟན་དོན། རྒྱལ་ཁབ་ག་གེ་མོས་རྒྱལ་ཁབ་གཞན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་བཀག་འགོག་བྱེད་རྩིས་ཡོད་ལ། དེ་དང་མཉམ་དུ་རང་ངོས་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་གཞན་པར་བཙན་གནོན་བྱེད་ཀྱིན་ཡོད་པས། འདི་ནི་འདྲ་མཉམ་མིན་ལ་ལུགས་མཐུན་མིན་ཕྱིར། དང་ལེན་བྱེད་མི་རུང་ཟེར།
ཨ་མན་གྱི་འདུམ་འགྲིག་རྐྱེན་སྲོལ་འོག ཨ་རི་དང་དབྱི་ལང་གིས་ད་ལོའི་ཟླ4པའི་ཚུན་ལ་བརྒྱུད་པའི་གྲོས་མོལ་ཐེངས་ལྔ་བྱས་ནས་འཕེལ་རིམ་ངེས་ཅན་ལ་སླེབས་མོད། ཕྱོགས་གཉིས་ཀྱི་སྲོག་ཤིང་གནད་དོན་ཁ་ཤས་ཐད་ཀྱི་འགལ་བ་སྔར་བཞིན་འབུར་ཐོན་ཡིན། ཨ་རིའི་ཕྱོགས་ཀྱིས་དབྱི་ལང་གིས་ཕྱོགས་ཡོངས་ནས་རིམ་པ་སོ་སོའི་ཡུ་ཉུང་བསྡུས་བྱེད་སྒོ་མཚམས་འཇོག་དགོས་པ་རྒྱུན་འཁྱོངས་བྱས་པ་དང་། དབྱི་ལང་ཕྱོགས་ཀྱིས་ཡུ་ཉུང་བསྡུས་བྱེད་སྒོ་འོས་འཚམ་གྱིས་སྤེལ་བ་ནི་ཞི་བའི་སྒོ་ནས་ཉིང་ནུས་དབང་ཆ་སྤྱོད་པའི་ཆ་ཤས་ཤིག་ཡིན་ཕྱིར། ཚང་མ་ཉུང་བསྡུས་ཀྱི་བླང་བྱ་དང་ལེན་མི་བྱེད་པ་ནན་གྱིས་བསྟན།
ལྷ་མོ་འཚོས་བསྒྱུར།