ཚེས3ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ(འཛམ་གླིང་འབྲུ་རིགས་ཧྲུའུ)དང་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཚེས2ཉིན་གྱི་དགོང་མོ་སུའུ་ཏན་ནུབ་རྒྱུད་ཀྱི་ཏ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ཁུ་མ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་ནས་མི5རྐྱེན་ལམ་དུ་ཤོར།
གསལ་བསྒྲགས་ཞིག་ལས་བཤད་རྒྱུར། རླངས་འཁོར་རུ་ཁག་དེ་ནི་ལྗིད་ཐེག་རླངས་འཁོར15ལས་གྲུབ་པ་དང་། འཇབ་རྒོལ་བྱེད་སྐབས་ཏ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་ཧྥ་ཞི་ཨར་གྲོང་ཁྱེར་དུ་བསྐྱོད་དེ། མུ་གེའི་ཤུགས་རྐྱེན་ཐེབས་པའི་བྱིས་པ་དང་ཁྱིམ་ཚང་ལརོགས་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་བཞིན་ཡོད་ཅེས་འཁོད་ཡོད། འཇབ་རྒོལ་དེ་ལས་མི5རྐྱེན་ལམ་དུ་ཤོར་བ་དང་མི་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་པར་མ་ཟད། ལྗིད་ཐེག་རླངས་འཁོར་མང་པོར་མེ་སྐྱོན་ཐེབས་ནས་མི་ཆོས་རིང་ལུགས་ཀྱི་དངོས་རྫས་ལ་གནོད་འཚེ་ཕོག་ཡོད་པ་རེད།
གསལ་བསྒྲགས་ལས་བཤད་རྒྱུར། ཧྥ་ཞི་ཨར་དང་དེའི་མཐའ་འཁོར་ས་ཁུལ་གྱི་མི་ཁྲི་བཅུ་ཕྲག་ཁ་ཤས་ལ་འཚོ་བཅུད་མི་འདང་བ་དང་བཀྲེས་ལྟོགས་ཀྱི་ཉེན་ཁ་ཚབས་ཆེན་ལ་འཕྲད་པས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་གལ་ཆེན་པོ་ཡོད་ཅེས་འཁོད་ཡོད། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་གཞིར་བཟུང་ནས་རོགས་སྐྱོར་རླངས་འཁོར་རུ་ཁག་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པ་དང་། ཕྱོགས་སོ་སོར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་ཟོག་མགྱོགས་མྱུར་དང་བཀག་འགོག་མེད་པའི་སྒོ་ནས་དགོས་མཁོ་ཡོད་པའི་མིའི་ལག་ཏུ་སྐྱེལ་བར་གཞོགས་འདེགས་བྱེད་པའི་འོས་འགན་ཡོད། གསལ་བསྒྲགས་ལས་མྱུར་དུ་བརྟག་དཔྱད་བྱས་ནས་ཉེས་གསོག་མཁན་གྱི་འགན་འཁྲི་བདའ་འདེད་བྱ་རྒྱུའི་འབོད་སྐུལ་བཏང་།
ཚེས3ཉིན་སུའུ་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་མི་མེད་གནམ་གྲུ་སྤྱད་དེ། ཐེངས་འདིའི་འཇབ་རྒོལ་སྤེལ་བར་རྒོལ་གཏམ་བཏང་། ཉིན་དེར་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་གསལ་བསྒྲགས་སྤེལ་ནས། འཇབ་རྒོལ་དེ་སུའུ་ཏན་དྲག་ཆས་དམག་དཔུང་གི་དམག་སྤྱོད་གནམ་གྲུ་ཞིག་གིས་སྤེལ་བ་དང་། འཇབ་རྒོལ་དེའི་ཁྲོད་འཛམ་གླིང་འབྲུ་རིགས་ཧྲུའུ་ཡི་ལས་བྱེད་མི་སྣ5རྐྱེན་ལམ་དུ་ཤོར་བ་དང་མི4ལ་རྨས་ཕོག་ཡོད་ལ་ལྗིད་ཐེག་རླངས་འཁོར9ལ་གཏོར་བརླགས་བཏང་ཡོད་ཟེར།
2023ལོའི་ཟླ4བའི་ཚེས15ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གཉིས་བར་རྒྱལ་ས་ཁར་ཐུའུ་མུའུ་རུ་དྲག་ཆས་གདོང་ཐུག་བྱུང་རྗེས་དམག་འཁྲུག་གི་མེ་ལྕེ་དེ་ས་ཁུལ་གཞན་དུ་ཁྱབ་པ་རེད། ལོ་གཉིས་ལྷག་ལ་རྒྱུན་འཁྱོངས་བྱས་པའི་དྲག་ཆས་གདོང་ཐུག་དེའི་ཁྲོད། སུའུ་ཏན་གྱི་མི་ཁྲི2.97ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་གསུམ་ཁྲི་དྲུག་ལྷག་ཙམ་ཡུལ་གྱར་བར་གྱུར།
གཡང་འབུམ་རྒྱལ་གྱིས་བསྒྱུར།