
ཁཱ་ཐར་འཕྲིན་གཏོང་ཁང་གིས་ཚེས3ཉིན་བསྒྲགས་པ་ལྟར་ན། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་དང་ཕྱི་འབྲེལ་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་ཉིན་དེར་ཏེ་ཧྭ་རུ་འཚམས་འདྲིར་ཡོང་བའི་སི་རི་ཡའི་ཕྱི་འབྲེལ་སྡེ་ཁག་གི་འགན་འཁུར་མི་སྣ་ཞི་པཱ་ཉི་དང་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཐུག་འཕྲད་བྱས་རྗེས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཁཱ་ཐར་གྱིས་སི་རི་ཡར་གློག་ཤུགས་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།
གསལ་བསྒྲགས་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ནུས་ཁུངས་དང་དཔལ་འབྱོར། ཚོང་དོན། དངུལ་རྩ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཟབ་སྤེལ་བྱེད་པའི་ཐད་ནས་བགྲོ་གླེང་བྱས་ཟེར། ཁཱ་ཐར་གྱིས་སི་རི་ཡར་གློག་ཤུགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཁཱ་ཐར་དང་སོ་ཏི་ཨ་རབ་ཀྱིས་མཉམ་དུ་སི་རི་ཡའི་འཛམ་གླིང་དངུལ་ཁང་གི་བུ་ལོན་གནད་དོན་ཐག་གཅོད་པར་རོགས་ཤུགས་འདོན་པར་མ་ཟད། མཉམ་འབྲེལ་སྒོས་ནོར་སྲིད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། སི་རི་ཡའི་སྤྱི་སྤྱོད་སྡེ་ཁག་གི་ལས་མིའི་དུས་ཡུན་ཟླ་གསུམ་རིང་གི་ཟླ་ཕོགས་སྟེར་རྒྱུ་ཡིན་ཟེར།
གསལ་བསྒྲགས་ལས་ད་རུང་བཤད་རྒྱུར། ཞི་པཱ་ཉི་ཡིས་སི་རི་ཡའི་ཕྱོགས་ཀྱི་ཚབ་བྱས་ནས་ཁཱ་ཐར་གྱིས་སི་རི་ཡ་བསྐྱར་འཛུགས་བརྒྱུད་རིམ་ཁྲོད་འབད་པ་ཆེན་པོ་བྱས་པར་བསྔགས་བརྗོད་གང་ལེགས་བྱས་ཟེར།
ལྷ་མོ་འཚོས་བསྒྱུར།