ཕྱི་འབྲེལ་པུའུ་ཡིས་འཇར་པན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་ཉེས་འགན་ལ་བསམ་ཞིབ་གཏིང་ཟབ་བྱས་ནས་ཞི་བདེའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
2025.06.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉིན་འགའི་སྔོན་དུ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ཡིས་འཇར་པན་གྱིས་ལོ་རྒྱུས་ལ་བསམ་ཞིབ་བྱེད་པ་དང་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་བརྟན་པོར་བཟུང་ནས།དམག་འཁྲུག་གི་ནོར་འཁྲུལ་གྱི་ལམ་དུ་ཡང་བསྐྱར་བསྐྱོད་རྒྱུ་མིན་ཚུལ་བསྟན་པ་དང་།  ཚེས4ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཀྲུང་གོས་འཇར་པན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་ཉེས་འགན་ལ་བསམ་ཞིབ་གཏིང་ཟབ་བྱེད་པ་དང་།ལོ་རྒྱུས་ཀྱི་བསླབ་བྱ་ནན་ཏན་གྱིས་བསྡུ་ལེན་བྱས་ནས།ཞི་བདེའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།བྱ་སྤྱོད་དངོས་ལ་བརྟེན་ནས་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པར་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན།

ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་།གསར་འགོད་པ་ཞིག་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ཡིས་ཉིན་ཤས་སྔོན།སྐབས30པའི་ཨེ་ཤ་ཡའི་འབྱུང་འགྱུར་རྒྱལ་སྤྱིའི་གླེང་སྟེགས་སྟེང་གཏམ་བཤད་སྤེལ་ཏེ།ངེས་པར་དུ་ཡ་ང་བའི་དྲན་ཤེས་དང་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་བརྟན་པོར་ངེས་ནས།དམག་འཁྲུག་གི་ནོར་འཁྲུལ་གྱི་ལམ་དུ་ཡང་བསྐྱར་བསྐྱོད་རྒྱུ་མིན།དམག་འཁྲུག་གི་རྗེས་སུ་འཇར་པན་ཞི་བདེའི་རྒྱལ་ཁབ་ཀྱི་ལམ་དུ་བསྐྱོད་རྒྱུ་དེར་ནམ་ཡང་འགྱུར་ལྡོག་འབྱུང་མི་སྲིད།འདས་ཟིན་པའི་ལོ་རྒྱུས་ལ་བསམ་ཞིབ་བྱེད་པའི་རྨང་གཞིའི་སྟེང་བཙན་འཛུལ་རྒྱལ་ཁབ་བྱེད་མི་སྲིད་ཅེས་བསྟན་པར། དཔྱད་གཏམ་ཁག་ཅིག་གིས་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ཡི་གཏམ་བཤད་ལས་ལོ་རྒྱུས་ལ་བསམ་ཞིབ་བྱེད་པ་དང་དམག་འཁྲུག་བསྐྱར་དུ་མི་འབྱུང་བའི་དགེ་མཚན་ལྡན་པའི་རྣམ་འགྱུར་བསྟན་འདུག་ཅེས་བཤད་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་གདེང་འཇོག་གང་འདྲ་བྱེད་ཀྱི་ཡོད་དམ་ཞེས་དྲིས་པར།

ལིན་ཅན་གྱིས2024ལོའི་ཟླ11པར་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ཡིས་ཕེ་རུའི་ལི་མ་རུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་སྐབས།འཇར་པན་གྱིས་ལོ་རྒྱུས་ལ་མཐོང་ཆེན་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས།ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ད་ཐེངས་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ཡིས་འཇར་པན་གྱིས་ལོ་རྒྱུས་ལ་བསམ་ཞིབ་བྱེད་པ་དང་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་བརྟན་པོར་ངེས་ནས།དམག་འཁྲུག་གི་ནོར་འཁྲུལ་གྱི་ལམ་དུ་ཡང་བསྐྱར་བསྐྱོད་རྒྱུ་མིན་ཞེས་བཤད་པར་ང་ཚོས་དེའི་ཐད་མཐོང་ཆེན་བྱ་རྒྱུ་ཡིན་ཞེས་བཤད།

ལིན་ཅན་གྱིས་བཤད་རྒྱུར།རྣམ་འགྱུར་ཡང་དག་པར་བརྟེན་ནས་ལོ་རྒྱུས་ལ་ངོས་འཛིན་དང་ལྟ་སྟངས་འཛིན་པ་དང་བྱ་སྤྱོད་དངོས་ཀྱི་སྟེང་ནས་བཙན་འཛུལ་དམག་འཁྲུག་ལ་བསམ་ཞིབ་དང་དགོངས་དག་ཞུ་བ་མཚོན་པ་ནི།དམག་འཁྲུག་གི་རྗེས་སུ་འཇར་པན་ཡང་བསྐྱར་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ལོག་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པ་དང་།ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་དང་།འཇར་པན་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ། དེ་མིན་འཇར་པན་གྱི་རྒྱལ་སྤྱིའི་སྣང་བརྙན་བཅས་དང་འབྲེལ་བ་ཡོད་པ་ཞིག་རེད།

ཁོས་བཤད་རྒྱུར།ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བའི་ལོ་ཡིན་པས།འཇར་པན་ཡང་བསྐྱར་ལོ་རྒྱུས་ཀྱི་གནད་དོན་དང་བདེན་ལུགས་ཀྱི་གནད་དོན་ལ་འཕྲད་ཡོད། སྔོན་གྱི་དོན་དག་གསལ་ཞིང་རྗེས་རབས་པར་དོགས་ཟོན་བྱ་དགོས། ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་གཏན་འཁེལ་བྱས་ཡོད་པ་དང་འཇར་པན་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཁས་ལེན་ནན་མོ་བྱས་ཡོད་ཟེར།

ལིན་ཅན་གྱིས་བཤད་རྒྱུར།ང་ཚོས་འཇར་པན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་ཉེས་འགན་ལ་བསམ་ཞིབ་གཏིང་ཟབ་བྱེད་པ་དང་།ལོ་རྒྱུས་ཀྱི་བསླབ་བྱ་ནན་ཏན་གྱིས་བསྡུ་ལེན་བྱས་ཏེ།ལོ་རྒྱུས་དང་མི་དམངས།འབྱུང་འགྱུར་བཅས་ལ་འགན་འཁུར་བའི་རྣམ་འགྱུར་གཞིར་བཟུང་ནས།བཙན་འཛུལ་གྱི་ལོ་རྒྱུས་ཇེ་ཡག་ཏུ་གཏོང་བ་དང་འགེབས་པའི་བྱ་སྤྱོད་མཐའ་དག་མེད་པར་བྱས་ནས།ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ།བྱ་སྤྱོད་དངོས་ལ་བརྟེན་ནས་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པར་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།