ཨུ་རུ་སུའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་གིས་ཁི་ལིས་མེ་ཡ་ཟམ་ཆེན་ལ་ཝུའུ་ཁི་ལན་ཕྱོགས་ཀྱི་འཇབ་རྒོལ་ཐེབས་ཀྱང་གཏོར་བཤིག་གཏོང་ཐུབ་མེད་པར་བཤད།
2025.06.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས4ཉིན། ཨུ་རུ་སུའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཡིས་བཤད་རྒྱུར། ཉེ་ལམ་ཁི་ལིས་མེ་ཡ་ཟམ་ཆེན་ལ་ཝུའུ་ཁི་ལན་གྱི་འཇབ་རྒོལ་ཐེབས་ནས་འབར་གས་བྱུང་མོད།འོན་ཀྱང་ཟམ་ཆེན་དེ་ལ་གཏོར་བརླགས་ཚབས་ཆེན་བྱུང་མེད་པར་སྔར་བཞིན་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་བཞིན་ཡོད་ཟེར།

ཕེ་སི་ཁོ་ཧྥུའུ་ཡིས་ཉིན་དེར་སྨྱན་བྱད་བརྒྱུད་ནས་གོང་གསལ་གྱི་རྣམ་འགྱུར་དེ་བསྟན་པ་རེད། ཕེ་སི་ཁོ་ཧྥུའུ་ཡིས་ད་དུང་ཝུའུ་ཁི་ལན་གྱིས་སྔར་བཞིན་ཨུ་རུ་སུའི་དམངས་སྤྱོད་སྒྲིག་ཆས་ལ་འཇབ་རྒོལ་བྱེད་ཀྱི་ཡོད་པ་དང་།ཨུ་རུ་སུ་ཕྱོགས་ཀྱིས་གནས་ཚུལ་དེར་དམིགས་ནས་སྔོན་འགོག་བྱེད་ཐབས་སྤྱོད་བཞིན་ཡོད་ཅེས་བཤད།

ཚེས3ཉིན།ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་དམིགས་བསལ་བྱ་སྤྱོད་སྤེལ་ནས། ཁི་ལིས་མེ་ཡ་ཟམ་ཆེན་ལ་ཆུ་འོག་འཇབ་རྒོལ་བྱས་པ་རེད། དེ་ནི་ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཆེ་རུ་ཕྱིན་པ་ནས་བཟུང་ཁི་ལིས་མེ་ཡ་ཟམ་ཆེན་ལ་འཇབ་རྒོལ་བྱེད་ཐེངས་གསུམ་པ་རེད། ཉིན་དེར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཁི་ལིས་མེ་ཡ་རུ་འབར་གས་སྒྲིག་ཆས་བཟོ་མཁན་གྱི་ཝུའུ་ཁི་ལན་གྱི་གསང་མྱུལ་བ་ཞིག་འཛིན་བཟུང་བྱས་ཡོད་ཅེས་བཤད།

ཁི་ལིས་མེ་ཡ་ཟམ་ཆེན་གྱིས་ཁི་ལིས་མེ་ཡ་ཕྱེད་གླིང་དང་ཨུ་རུ་སུའི་ཁི་ལ་སི་ནོ་ཏ་ཨར་ས་ཁུལ་སྦྲེལ་ཡོད་པ་དང་རིང་ཚད་ལ་སྤྱི་ལེ19ཡོད། 2022ལོ་དང2023ལོར། ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཁི་ལིས་མེ་ཡ་ཟམ་ཆེན་ལ་འཇབ་རྒོལ་ཐེངས་གཉིས་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།