སུའུ་ཏན་གྱི་ཏ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ཁྲོམ་ར་ཞིག་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ནས་མི14རྐྱེན་ལམ་དུ་ཤོར།
2025.06.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ཚེས4ཉིན་སུའུ་ཏན་གྱི་ཏ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་འཕྲོད་བསྟེན་པུའུ་ཀྲང་ཧ་ཐི་ཨར་གྱིས་བཤད་རྒྱུར། ཉིན་དེར་མངའ་སྡེ་དེའི་ལྟེ་བའི་གྲོང་ཁྱེར་ཧྥ་ཞི་ཨར་གྲོང་ཁྱེར་བྱང་རྒྱུད་ཀྱི་ཁྲོམ་ར་ཞིག་ལ་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་མེ་སྒྱོགས་འཕངས་ནས་མི14རྐྱེན་ལམ་དུ་ཤོར་ཟེར།

ཧ་ཐི་ཨར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མེ་སྒྱོགས་འཕངས་པའི་གནས་ཚུལ་ཧ་ཅང་ཛ་དྲག་ཡིན་པ་དང་། དམིགས་ཡུལ་ནི་ཧྥ་ཞི་ཨར་གྲོང་ཁྱེར་བྱང་རྒྱུད་ཀྱི་ཨ་པུའུ་ཧྲུའུ་ཁེ་ཡུལ་གྱར་བ་འཕྲལ་སྡོམ་ལྟེ་གནས་ཀྱི་ཁྲོམ་ར་ཞིག་ཡིན་ཞིང་།  མེ་སྒྱོགས་འཕངས་པའི་ཁྲོད་མི14རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་འགའ་ལ་རྨས་ཕོག་ཡོད་ཟེར།

སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་དོན་དེའི་ཐད་ལན་ཅི་ཡང་བཏབ་མེད།

ཏ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེ་ལ་ཚོད་འཛིན་བྱེད་པའི་དབང་ཆ་འཕྲོག་རྩོད་བྱེད་ཆེད། 2024ལོའི་ཟླ5པ་ནས་བཟུང་སུའུ་ཏན་དྲག་ཆས་དམག་དཔུང་གིས་ས་གནས་དྲག་ཆས་དང་མཉམ་འབྲེལ་བྱས་ཏེ། ཧྥ་ཞི་ཨར་དུ་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་དང་འཐབ་འཛིང་དྲག་པོ་བྱས།  ཏ་ཨར་ཧྥུའུ་ཨར་ས་ཁུལ་ནི་སུའུ་ཏན་གྱི་ནུབ་རྒྱུད་དུ་ཡོད་པ་དང་མངའ་སྡེ5རུ་དབྱེ་ཡོད། ཏ་ཨར་ཧྥུའུ་ཨར་མངའ་སྡེ་བྱང་མ་ལས་གཞན། མིག་སྔར་ས་ཁུལ་དེའི་མངའ་སྡེ་གཞན་དག4ཚང་མ་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་ཚོད་འཛིན་བྱས་ཡོད།

2023ལོའི་ཟླ4ཚེས15ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གཉིས་བར་རྒྱལ་ས་ཁར་ཐུའུ་མུའུ་རུ་དྲག་ཆས་གདོང་ཐུག་བྱུང་བ་དང་། དེའི་རྗེས་སུ་དམག་འཁྲུག་གི་མེ་ལྕེ་དེ་རིམ་བཞིན་ས་ཁུལ་གཞན་དུ་ཁྱབ་པ་རེད། ལོ་གཉིས་ལྷག་ཙམ་གྱི་འཐབ་འཛིང་དྲག་པོའི་གདོང་ཐུག་ཁྲོད་སུའུ་ཏན་གྱི་མི་ཁྲི2.97ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞི་ཡུལ་གྱར་བར་གྱུར།

གཡང་འབུམ་རྒྱལ་གྱིས་བསྒྱུར།