ཐི་ལིང་ཕུའུ་ཡིས་དུས་ཡུན་ཐུང་ངུའི་ནང་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱིས་མྱུར་དུ་དམག་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་རྒྱུ་དེ་ཅུང་དཀའ་ངལ་ཆེ་བར་བཤད།
2025.06.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས5ཉིན། ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོར་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་མོ་ཚི་དང་ཐུག་འཕྲད་བྱེད་སྐབས། དུས་ཡུན་ཐུང་ངུའི་ནང་ཨུ་རུ་སུ་དང་ཝུའུ་ཁི་ལན་གཉིས་ཀྱིས་མྱུར་དུ་དམག་འཁྲུག་མཚམས་འཇོག་པར་གྲོས་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཅུང་དཀའ་ངལ་ཆེ་བར་བཤད།

ཐི་ལིང་ཕུའུ་ཡིས་ཐུག་འཕྲད་བྱེད་སྐབས་མིག་སྔར་ཨུ་རུ་སུ་དང་ཝུའུ་ཁི་ལན་ཕྱོགས་གཉིས་བར་འཁོན་འགྲས་དང་དགྲར་འཛིན་ཧ་ཅང་ཟབ་མོ་ཡོད་པར་མ་ཟད། ཨུ་རུ་སུ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱིས་ཨུ་རུ་སུའི་འཐབ་ཇུས་མཁའ་དམག་རྟེན་གཞིར་འཇབ་རྒོལ་བྱས་པར་ཕར་རྒོལ་དྲག་པོ་བྱ་རྒྱུ་ཡིན་ཞེས་གསལ་བོར་བཤད་ཡོད་པས། དུས་ཡུན་ཐུང་ངུའི་ནང་ཕྱོགས་གཉིས་ཀྱིས་མྱུར་དུ་དམག་འཁྲུག་མཚམས་འཇོག་པར་གྲོས་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཅུང་དཀའ་ངལ་ཆེན་པོ་ཡོད་ཅེས་ནན་བཤད་བྱས་ཡོད།

མོ་ཚི་ཡིས་ཐུག་འཕྲད་བྱེད་སྐབས་ཐི་ལིང་ཕུའུ་ནི་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་མཚམས་འཇོག་པའི་གནད་འགག་གི་མི་སྣ་ཡིན་ཞེས་བཤད་པ་དང་། དེ་དང་ཆབས་ཅིག་ཐི་ལིང་ཕུའུ་ཡིས་ཨུ་རུ་སུར་གནོན་ཤུགས་དེ་ལས་མང་པོ་སྤྲོད་དགོས་པའི་བླང་བྱ་བཏོན་པ་རེད།

ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཐི་ལིང་ཕུའུ་ལ་ཐུག་འཕྲད་བྱེད་སྐབས་སྨྱན་བྱད་ཀྱིས་ཨུ་རུ་སུར་བཀག་སྡོམ་གསར་པ་ལག་བསྟར་བྱེད་མིན་དང་།  ཡང་ན་ཨ་རིས་ཨུ་རུ་སུར་བཀག་སྡོམ་གྱི་ཁྲིམས་གཞི་གསར་པར་གྲོས་འཆམ་བྱ་རྒྱུར་རྒྱབ་སྐྱོར་བྱེད་མིན་སྐོར་ནས་ཐེངས་གསུམ་དྲིས་ཡོད། ཐི་ལིང་ཕུའུ་ཡིས་རྣམ་འགྱུར་གསལ་པོ་མ་བསྟན་པར་མོ་ཚི་དང་འབྲེལ་ཡོད་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བཤད་ཅིང་ཉེ་ལམ་བྱ་སྤྱོད་ཅི་ཡང་མི་སྤེལ་བའི་ལྐོག་བརྡ་བཏང་།

ཚེས5ཉིན་ཨ་རིའི་ཨ་ཁེ་ཞི་ཨའོ་སིའི་གསར་འགྱུར་དྲ་ཚིགས་ཀྱིས་ཐུག་འཕྲད་ཀྱི་རྗེས་སུ་སྤེལ་བའི་དཔྱད་གཏམ་ལས།  ཐི་ལིང་ཕུའུ་ཡི་གཏམ་བརྗོད་གྱིས་ཁོས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱིས་ཞི་བདེ་མངོན་འགྱུར་བྱ་རྒྱུའི་གྲ་སྒྲིག་བྱས་མེད་པ་དང་། ཁོས་ཕྱོགས་གཉིས་ལ་ཞི་བདེ་མངོན་འགྱུར་ཡོང་བའི་གོ་སྐོན་བློ་འགུག་བྱེད་པའི་ ཐོག་མའི་ལངས་ཕྱོགས་ནས་ཕྱིར་བཤོལ་བྱ་རྒྱུ་བསམ་གཞིག་བྱེད་བཞིན་ཡོད་ཅེས་ཡང་བསྐྱར་གསལ་བཤད་བྱས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།