བྱང་ཆིངས་ཀྱི་ལོ་འཁོར་གྱི་གཞི་ཁྱོན་ཆེ་བའི་དམག་དོན་སྦྱོང་བརྡར་དེ་ཐེ་ཝེ་ཡར་སྤེལ་མགོ་བརྩམས།
2025.06.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས5ཉིན།  ལ་ཐེ་ཝེ་ཡའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། བྱང་ཆིངས་ཀྱིས་པོ་ལའེ་ཏི་རྒྱ་མཚོའི་ས་ཁུལ་དུ་ལོ་འཁོར་གྱི་གཞི་ཁྱོན་ཆེ་བའི་དམག་དོན་སྦྱོང་བརྡར་ཏེ། པོ་ལའེ་ཏི་རྒྱ་མཚོའི་འགུལ་སྐྱོད་ཅེས་པ་ཉིན་དེར་ལ་ཐེ་ཝེ་རུ་མགོ་བརྩམས་པ་དང་ཚེས20ཉིན་བར་རྒྱུན་མཐུད་བྱ་རྒྱུ་རེད།

གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་སྦྱོང་བརྡར་གྱི་དམིགས་ཡུལ་ནི་བྱང་ཆིངས་མནའ་འབྲེལ་རྒྱལ་ཁབ་ཕན་ཚུན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དམག་དཔུང་སོ་སོའི་མགྱོགས་མྱུར་ཚུར་སྣང་ནུས་པ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བྱས་ནས་བྱང་ཆིངས་ཀྱིས་ས་ཁུལ་གྱི་བརྟན་འཇགས་ལ་ཁས་ལེན་དང་། པོ་ལའོ་ཏི་རྒྱ་མཚོ་ས་ཁུལ་སྲུང་སྐྱོང་བྱེད་པའི་གྲ་སྒྲིག་གནས་ཚུལ་འགྲེམ་སྟོན་བྱ་རྒྱུ་དེ་རེད། ཐེངས་འདིའི་སྦྱོང་བརྡར་ཁྲོད་མི་མེད་མ་ལག་བཀོལ་སྤྱོད་སྦྱོང་བརྡར་དང་། སྨན་བཅོས་མཁོ་སྒྲུབ།  མཁའ་སྲུང་། མཚོ་ཐོག་འགོག་སྲུང་། ཆུར་འཛུལ་ལ་རྒོལ་བ། ཆུ་འོག་འབར་མདེལ་གྱི་འགྲན་རྒོལ་བཅས་དང་། དེ་མིན་མཁའ་འབབ་དམག་འཐབ་དང་བཟོ་སྐྲུན་སོགས་ཚུད་ཡོད་པ་རེད།

གཞན་ཡང་ཉིན་ཤས་སྔོན་ཨ་རིའི་དམག་གིས་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ལྟར་ན། བྱང་ཆིངས་ཀྱི་རྒྱལ་ཁབ16ནས་ཡོང་བའི་དམག་གྲུ40ལྷག་ཙམ་དང་། གནམ་གྲུ25དམག་མི9000ཙམ་ཐེངས་འདིའི་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད། དེའི་ནང་ཞུགས་པའི་རྒྱལ་ཁབ་ལ་ཏེན་མག་དང་ཨེ་སོ་ཉི་ཡ། ཧྥིན་ལན། ཧྥ་རན་སི། འཇར་མན། དབྱི་ཐ་ལི། ལ་ཐེ་ཝེ་ཡ། ཧོ་ལན། ནོར་ཝེ། ཕོ་ལན། ཕོར་ཐིའུ་ཀལ། སུའེ་ཏེན། ཐུར་ཁེ། དབྱིན་ཇི། ཨ་རི་བཅས་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།