ཚེས5ཉིན་གྱི་དགོང་མོར་ལེ་པ་ནོན་གྱི་སྲིད་འཛིན་ཨའོ་ཨིན་གྱིས་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་གྱིས་ལེ་པ་ནོན་གྱི་རྒྱལ་ས་པེ་རུ་ཐི་ལྷོ་རྒྱུད་དུ་མཁའ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་རེད།
ཨའོ་ཨིན་གྱིས་གསལ་བསྒྲགས་ལས་དབྱི་སི་རལ་རྒྱལ་སྤྱིའི་གྲོས་མཐུན་དང་རྒྱལ་སྤྱིའི་བཅའ་ཁྲིམ།མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བཅས་ཀྱི་གཞི་རྩའི་རྩ་དོན།དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་བཅས་ལ་མངོན་སུམ་འཛེམ་མེད་དུ་འགལ་ཡོད་ཅེས་བསྟན་པ་རེད། ཁོས་ད་དུང་དབྱི་སི་རལ་གྱིས་ས་ཁུལ་དེའི་བརྟན་འཇགས་དང་ཞི་བདེ་མངོན་འགྱུར་བྱེད་དུ་མི་འཇུག་པར་རྒོལ་གཏམ་བཏང་།
ལེ་པ་ནོན་གྱི་ཙུང་ལིས་ས་ལ་མུའུ་ཡིས་ཀྱང་ཉིན་དེར་གསལ་བསྒྲགས་སྤེལ་ནས།དབྱི་སི་རལ་གྱིས་བསམ་བཞིན་དུ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་བཀག་འགོག་བྱས་ནས།ལེ་པ་ནོན་གྱི་མངའ་ཁོངས་ནས་མྱུར་དུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཚེས5ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས།པེ་རུ་ཐི་ལྷོ་རྒྱུད་ཏའེ་ཞི་ཡེ་ས་ཁུལ་དུ་འཇིགས་སྐུལ་དམིགས་ཡུལ་ལ་རྡུང་རྡེག་གཏོང་བཞིན་ཡོད་ཅེས་བཤད།དེའི་སྔོན་དབྱི་སི་རལ་གྱི་དམག་དཔུང་གིས་ཀྲིན་ཀྲུའུ་ཏང་གིས་ཏའེ་ཞི་ཡེ་ས་ཁུལ་དུ་བཙུགས་པའི་མི་མེད་གནམ་གྲུའི་ཐོན་སྐྱེད་སྒྲིག་ཆས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བཤད་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།