ཚེས6ཉིན།ཝུའུ་ཁི་ལན་གྱི་མཁའ་དམག་དང་ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན།ཉིན་དེར་ཨུ་རུ་སུའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཕུའུ་དང་བཅས་པའི་ས་ཆ་མང་པོར་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་ནས།ཝུའུ་ཁི་ལན་དུ་མི་མེད་གནམ་གྲུ400ལྷག་ཙམ་བཏང་པ་དང་འཕུར་མདེལ་བཅུ་ཕྲག་ཁ་ཤས་འཕེན་གཏོང་བྱས་ཡོད། ཉིན་དེའི་སྔ་དྲོར་མཁའ་རྒོལ་བྱས་པ་ལས་ཝུའུ་ཁི་ལན་གྱི་མི3རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི40ལྷག་ཙམ་ལ་རྨས་ཕོག་ཡོད།
ཉིན་དེར་ཝུའུ་ཁི་ལན་གྱི་མཁའ་དམག་གི་མགྲིན་ཚབ་པ་ཡིའུ་ལི·དབྱེ་ཀི་ན་ཐི་ཡིས་བརྙན་ལམ་བརྒྱུད་ནས་བཤད་རྒྱུར།ཨུ་རུ་སུའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་མི་མེད་གནམ་གྲུ407བཏང་པ་དང་།མདེལ་ལམ་འཕུར་མདེལ6དང་སྐོར་སྐྱོད་འཕུར་མདེལ38བཅས་འཕངས་ཡོད་ཅིང་།དེ་དག་ལས་འཕུར་མདེལ་མང་ཆེ་བ་ས་ལ་ཐུའོ་ཧྥུའུ་མངའ་སྡེ་ནས་ཐུའུ-95དང་ཐུའུ-160ཡི་འཐབ་ཇུས་འབར་མདེལ་འཕྲུལ་ཆས་སོགས་དམག་འཐབ་གནམ་གྲུ་བརྒྱུད་ནས་འཕེན་གཏོང་བྱས་པ་རེད་ཟེར།
དེའི་རྗེས་སུ་ཝུའུ་ཁི་ལན་གྱི་མཁའ་དམག་གིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས།ས་གནས་དེའི་དུས་ཚོད་ཚེས6ཉིན་གྱི་སྔ་དྲོའི་དུས་ཚོད10བར་ཝུའུ་ཁི་ལན་ཕྱོགས་ཀྱིས་མཁའ་རྒོལ་མཚོན་ཆ406བཀག་པའི་ནང་དུ།དབྱི་སི་ཁན་ཏི་ཨར་འཕུར་མདེལ6དང་།སྐོར་སྐྱོད་འཕུར་མདེལ30ཡོད་ཅེས་བཤད།ཝུའུ་ཁི་ལན་གྱི་མངའ་ཁོངས་ཀྱི་ས་ཆ13ལ་འཇབ་རྒོལ་ཐེབས་པ་དང་ས་ཆ19ལ་མི་མེད་གནམ་གྲུའི་ཆག་རོ་ལྷུང་ཡོད་པ་རེད།
ཚེས6ཉིན།ཝུའུ་ཁི་ལན་རྒྱལ་ཁབ་ཉེན་རྟོག་ཅུའུ་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས།ཅི་ཧྥུའུ་གྲོང་ཁྱེར་གྱི་རོགས་སྐྱོབ་མི་སྣ3རོགས་སྐྱོབ་བྱེད་པའི་གོ་རིམ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་།རོགས་སྐྱོབ་མི་སྣ9དང་མི་སེར12ལ་རྨས་ཕོག་ཡོད་ཅེས་བཤད།ཅི་ཧྥུའུ་གྲོང་ཁྱེར་གྱི་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་ཆས13ལ་འཇབ་རྒོལ་ཁྲོད་གནོད་འཚེ་ཐེབས་ཡོད་ཅིང་། དེའི་ཁྲོད་སྡོད་དམངས་ཀྱི་ཐོག་ཁང་དང་སློབ་གསོའི་སྒྲིག་གཞི།མཛོད་ཁང་།ཚོང་ཁང་།ས་འོག་ལྕགས་ལམ་བཅས་ཡོད་པ་རེད། ཝུའུ་ཁི་ལན་རྒྱལ་ཁབ་ཛ་དྲག་གནས་ཚུལ་ཅུའུ་ཡིས་མཁའ་རྒོལ་ལས་ཝོ་ལུན་མངའ་སྡེའི་ལུའུ་ཚི་ཁི་གྲོང་ཁྱེར་གྱི་མི14ལ་རྨས་ཕོག་ཡོད་པར་བཤད། གཞན་ཡང་ཆེ་ཨར་ཉི་ཀེ་ཧྥུའུ་མངའ་སྡེ་དང་།པོ་ཨར་ཐ་ཝ་མངའ་སྡེ།ཅེ་ཨར་ནོ་པོ་ཨར་མངའ་སྡེ།ཅི་ཧྥུའུ་མངའ་སྡེ་བཅས་ལ་ཡང་འཇབ་རྒོལ་ཐེབས་ཡོད་པ་རེད།
ཚེས6ཉིན།ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་སྤེལ་ནས་བཤད་རྒྱུར།ས་གནས་དེའི་དུས་ཚོད་ཚེས5ཉིན་གྱི་དུས་ཚོད20ནས་ཚེས6ཉིན་གྱི་དུས་ཚོད4དང་སྐར་མ20བར།ཨུ་རུ་སུའི་མཁའ་ཟོན་མ་ལག་གིས་པུའུ་ལེང་སི་ཁེ་མངའ་སྡེ་དང་།ལུའོ་སི་ཐོ་ཧྥུའུ་མངའ་སྡེ།ས་ལ་ཐུའོ་ཧྥུའུ་མངའ་སྡེ།ཁུའུ་ཨེར་སི་ཁི་མངའ་སྡེ་སོགས་ས་ཆ་མང་པོ་རུ་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ174བཀག་འགོག་བྱས་པར་མ་ཟད་གཏོར་བཅོམ་བྱས་ཡོད་ཅེས་བཤད། གཞན་ཡང་ཨུ་རུ་སུའི་མཁའ་ཟོན་མ་ལག་གིས་ད་དུང་མཚོ་ནག་མཁའ་དབྱིངས་སུ་ཝུའུ་ཁི་ལན་གྱི་རྒྱང་བསྟེན་འཕུར་མདེལ3གཏོར་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།