ཚེས6ཉིན་གྱི་སྔ་དྲོར།ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས།ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེའི་ཐོ་རེངས་དུས་སུ་ས་ལ་ཐུའོ་ཧྥུའུ་མངའ་སྡེའི་ཨེན་ཀི་སི་མཁའ་དམག་རྟེན་གཞི་དང་ལེང་ཙན་མངའ་སྡེའི་ཅ་ཅི་ལེ་ཝོའི་དམག་སྤྱོད་གནམ་གྲུ་ཐང་ལ་རྡུང་རྡེག་བཏང་པ་དང་།ཨུ་རུ་སུའི་དམག་དཔུང་གིས་གྱོང་གུན་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་ཡོད་པར་བསྟན།
ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཚན་མུའུ་པུའུ་ཡིས་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ད་དུང་ས་ལ་ཐུའོ་ཧྥུའུ་མངའ་སྡེའི་འབར་སྣུམ་དང་འཇམ་འདྲེད་སྣུམ་གྱི་སྣུམ་མཛོད3ལ་སྐོར་ཐེངས་མང་པོར་རྡུང་རྡེག་བཏང་པ་ལས།འབྲེལ་ཡོད་སྒྲིག་ཆས་མེར་འབར་བར་མ་ཟད་འགས་གཏོར་བྱུང་ཡོད་ཅེས་བཤད། གཞན་ཡང་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡི་གསང་འཕྲིན་སྤྱི་ཁྱབ་ཅུའུ་དང་གཞོགས་འདེགས་བྱས་ནས།ཨུ་རུ་སུའི་མངའ་ཁོངས་དང་ཝུའུ་ཁི་ལན་གྱིས་བཙན་བཟུང་བྱས་པའི་མངའ་ཁོངས་ཀྱི་ཨུ་རུ་སུའི་དམག་དོན་སྒྲིག་ཆས་མང་པོ་ཞིག་ལ་རྡུང་རྡེག་བཏང་ཡོད་པ་རེད།
ཚེས6ཉིན།ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་སྤེལ་ནས།འདས་ཟིན་པའི་ཞག་མ་གཅིག་གི་ནང་དུ་ཨུ་རུ་སུའི་དམག་དཔུང་གིས་ཞིབ་ཚད་མཐོ་བའི་རྒྱང་བསྟེན་སྒྲིག་ཆས་དང་མཚོ་ཐོག་དང་སྐམ་ས་བཅས་སུ་སྤྱོད་པའི་མཚོན་ཆ།དེ་མིན་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ་སོགས་སྤྱད་དེ་ཝུའུ་ཁི་ལན་གྱི་མཚོན་ཆ་དང་དམག་དོན་སྒྲིག་ཆས་ཇུས་འགོད་ལས་ཁུངས།ཐོན་སྐྱེད་དང་ཉམས་གསོའི་ཁེ་ལས།ཝུའུ་ཁི་ལན་གྱི་དམག་དཔུང་གི་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ་སྒྲིག་སྦྱོར་འཁོར་ཁང་།འཕུར་སྐྱོད་སྦྱོང་བརྡར་ལྟེ་གནས།ད་དུང་ཝུའུ་ཁི་ལན་གྱི་དམག་དཔུང་གི་མཚོན་ཆ་དང་སྒྲིག་ཆས་མཛོད་ཁང་བཅས་ལ་གཞི་ཁྱོན་ཆེ་བའི་རྡུང་རྡེག་བཏང་བ་ཚང་མ་དམིགས་འབེན་དུ་ཕོག་ཡོད་པར་བཤད།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ད་དུང་ཉེ་བའི་གཟའ་འཁོར་གཅིག་གི་རིང་ལ་ཨུ་རུ་སུའི་དམག་དཔུང་གིས་ཞིབ་ཚད་མཐོ་བའི་མཚོན་ཆ་དང་ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ་སྤྱད་དེ།ཝུའུ་ཁི་ལན་ལ་སྐོར་བཅོམ་རྡུང་རྡེག་ཐེངས6བྱས་པ་དང་།དེའི་དམིགས་འབེན་ཁྲོད་ཝུའུ་ཁི་ལན་གྱི་དམག་དོན་ཁེ་ལས་དང་དམག་སྤྱོད་གནམ་གྲུ་ཐང་།མི་མེད་གནམ་གྲུ་འཇོག་ས་དང་འཕེན་གཏོང་བྱེད་ཡུལ།གོ་མཚོན་གྱི་མཛོད་དང་དམག་དཔུང་བཀོད་སྒྲིག་ས་ཚིགས་སོགས་འདུས་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།