ཚེས6ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གི་དམག་མི4ཉིན་དེར་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་ལྷོ་རྒྱུད་ཀྱི་ཧན་ཡིའུ་ཉི་སིའི་འགུལ་སྐྱོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་མང་པོར་རྨས་ཕོག་ཡོད་ཟེར།
《དབྱི་སི་རལ་གྱི་སྐབས་དོན་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལས། བརྟག་དཔྱད་རགས་ཙམ་བྱས་པ་ལྟར་ན། དམག་མི་དེ་དག་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་དམག་དོན་སྒྲིག་ཆས་གཙང་སེལ་བྱེད་ཆེད་འཛུགས་སྐྲུན་ཁང་པ་ཞིག་ཏུ་འཛུལ་ཡོད་པ་རེད། འཛུགས་སྐྲུན་ཁང་པ་དེའི་ནང་སྔོན་ལ་བཀོད་སྒྲིག་བྱས་ཡོད་པའི་འབར་མདེལ་འབར་གས་བྱུང་ནས་ཁང་པ་བརྡིབས་ཏེ་དབྱི་སི་རལ་གྱི་དམག་མི་ལ་ཤི་རྨས་བྱུང་བ་རེད།
གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་ཚན་མུའུ་ཀྲང་ཨའེ་ཡ་ལི·ཀྲ་མུས་ཨེར་གྱིས་ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གི་ལྷོ་ཕྱོགས་སི་ལིན་པུའུ་རུ་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་གནས་ཚུལ་ལ་དཔྱད་དཔོག་བྱས་པ་དང་། དེ་དང་འབྲེལ་ནས་ཅ་ཧྲ་ས་ཁུལ་དུ་མུ་མཐུད་དུ་དམག་དོན་འགུལ་སྐྱོད་སྤེལ་ཆོག་པའི་ཆོག་མཆན་སྤྲད་པ་རེད།
ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཟླ3པའི་ཚེས18ཉིན། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པ་ནས་བཟུང་ཅ་ཧྲ་ས་ཁུལ་དུ་ཉུང་མཐར་ཡང་མི་4402རྐྱེན་ལམ་དུ་ཤོར་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།