ཚེས7ཉིན།ཧྥ་རན་སིའི་ཙུང་ཐུང་ཕོ་བྲང་ཨའེ་ལི་ཧྲི་ཕོ་བྲང་གིས་གསལ་བསྒྲགས་སྤེལ་ནས།ཚེས15ཉིན་ཙུང་ཐུང་མཱ་ཁུ་ལུང་གིས་ཀི་ལེན་ལན་གླིང་ཕྲན་དུ་དངོས་གཞིའི་འཚམས་འདྲི་བྱ་རྒྱུ་ཡིན་པ་དང་།འཚམས་འདྲི་དེའི་དམིགས་ཡུལ་ནི་ཧྥ་རན་སི་དང་ཀི་ལེན་ལན་གླིང་ཕྲན་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་ཞིང་། དེ་ལྟར་བྱས་ན་ཡོ་རོབ་གླིང་གི་བདག་དབང་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་པ་རེད་ཅེས་བཤད།
གསལ་བསྒྲགས་ཀྱི་ནང་དུ་ཀི་ལེན་ལན་གླིང་ཕྲན་རང་སྐྱོང་སྲིད་གཞུང་གི་ཙུང་ལི་ཡན་སི-ཧྥོ་ལེ་ཏེ་ལེ་ཁི·ཉི་ཨར་སེན་དང་ཏེན་མག་གི་དབུ་བཞུགས་བློན་ཆེན་ཧྥོ་ལེ་ཙེ་ལེ་ཁི་སིན་གྱི་གདན་ཞུས་ལྟར།མཱ་ཁུ་ལུང་གིས་ཀི་ལེན་ལན་གླིང་ཕྲན་དུ་མགོ་ཁྲིད་པ་གཉིས་དང་མཉམ་དུ་ཐུག་འཕྲད་བྱས་ཏེ་ནུབ་ཀྱི་རྒྱ་མཚོ་བྱང་མ་དང་བྱང་སྣེའི་བདེ་འཇགས།གནམ་གཤིས་འགྱུར་ལྡོག ནུས་རྒྱུ་ཚུལ་སྒྱུར།དེ་མིན་གཏེར་རྫས་གཙོ་བོའི་མཁོ་སྤྲོད་བདེ་འཇགས་དང་འབྲེལ་བ་ཡོད་པའི་གནད་དོན་བཅས་ལ་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
ཏེན་མག་གི་དབུ་བཞུགས་བློན་ཆེན་ཕོ་བྲང་གིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཧྥོ་ལེ་ཙེ་ལེ་ཁི་སེན་གྱིས་མཱ་ཁུ་ལུང་གིས་ཐེངས་འདིར་འཚམས་འདྲི་བྱེད་པར་དགའ་བསུ་ཞུས་པ་དང་།ཁོས་ཏེན་མག་ལ་འཕྲད་པའི་དཀའ་ཚེགས་ཆེ་བའི་ཕྱི་འབྲེལ་གནས་ཚུལ་འོག མཱ་ཁུ་ལུང་གིས་ཐེངས་འདིར་འཚམས་འདྲི་བྱས་པ་ནི་ཡོ་རོབ་མཐུན་སྒྲིལ་གྱི་ཞིབ་ཕྲའི་མཚོན་ཚུལ་གཞན་ཞིག་རེད་ཅེས་བཤད་ཡོད་པ་རེད།
ཀི་ལེན་ལན་གླིང་ཕྲན་ནི་མེ་གླིང་བྱང་མའི་བྱང་ཤར་རྒྱུད་དུ་ཡོད་པ་དང་།འཛམ་གླིང་གི་གླིང་ཕྲན་ཆེ་ཤོས་ཨང་དང་པོ་རེད། གླིང་ཕྲན་དེ་ནི་ཏེན་མག་གི་རང་སྐྱོང་མངའ་ཁོངས་ཡིན་པ་དང་ཚད་མཐོའི་རང་སྐྱོང་དབང་ཆ་ཡོད།རྒྱལ་སྲུང་དང་ཕྱི་འབྲེལ་ལས་དོན་ནི་ཏེན་མག་སྲིད་གཞུང་གིས་དོ་དམ་བྱེད་ཀྱི་ཡོད། མིག་སྔར་ཨ་རིར་ཀེ་ལིན་ལན་གླིང་ཕྲན་དུ་དམག་དོན་རྟེན་གཞི་ཞིག་ཡོད། ད་ལོ་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་འགན་འཁུར་བའི་ཚུན་དུ་ཀི་ལེན་ལན་གླིང་ཕྲན་བདག་འཛིན་བྱ་རྒྱུ་ཡིན་ཞེས་ཐེངས་མང་བཤད་པར་མ་ཟད།དྲག་ཤུགས་རང་བཞིན་གྱི་བྱ་སྤྱོད་ཀྱང་སྤྱོད་སྲིད་པར་བཤད།ཐི་ལང་ཕུའུ་ཡི་རེ་བ་དེར་ཏེན་མག་དང་ཀི་ལེན་ལན་གླིང་ཕྲན་གྱི་གྲོང་མིས་རྒོལ་གཏམ་བཏང་ནས་ངོ་རྒོལ་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།