ཚེས6ཉིན།ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་སྨྱན་བྱད་གསར་འགོད་པར་ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སུའི་མངའ་ཁོངས་སུ་སྤེལ་བའི་མི་མེད་གནམ་གྲུའི་འཇབ་རྒོལ་གྱིས(ཨུ་རུ་སུའི་སྲིད་འཛིན)ཕུའུ་ཅིང་ལ་ཁོ་ཚོར་འབར་མདེལ་དྲག་པོ་འཕངས་པའི་རྒྱུ་མཚན་ར་སྤྲོད་བྱས་ཡོད་ཅེས་བཤད།ཉིན་དེར་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་ཨུ་རུ་སུའི་འཇབ་རྒོལ་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཝུའུ་ཁི་ལན་གྱི་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་འཕྲལ་བསྟུན་རོགས་སྐྱོབ་བྱ་སྤྱོད་ཉིན་གང་བོར་རྒྱུན་ཆད་མེད་པར་སྤེལ་ཟེར།
ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།གསར་འགོད་པས་ཐི་ལང་ཕུའུ་ལ་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་དེ་ཉིང་རྡུལ་དམག་འཁྲུག་ཏུ་འགྱུར་སྲིད་པར་སེམས་ཁྲལ་བྱེད་བཞིན་ཡོད་མེད་སྐོར་འདྲི་སྐབས།ཁོས་དེ་ལྟ་བུར་མི་འགྱུར་བའི་རེ་བ་བྱེད་བཞིན་ཡོད་པར་བསྟན།ཐི་ལང་ཕུའུ་ཡིས་ད་དུང་ཝུའུ་ཁི་ལན་ཕྱོགས་ཀྱིས་ཉེ་ལམ་འཇབ་རྒོལ་བྱས་པའི་དབང་གིས་ཨུ་རུ་སུ་ཕྱོགས་ཀྱིས་ཝུའུ་ཁི་ལན་དང་གྲོས་མོལ་བྱེད་མཚམས་འཇོག་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད།
ཚེས1ཉིན་ཝུའུ་ཁི་ལན་གྱིས་ཚབ་མིང་ལ་སྡོམ་རྒྱ་ཞེས་པའི་དམིགས་བསལ་དམག་འཐབ་འགུལ་སྐྱོད་སྤེལ་ནས།ཨུ་རུ་སུའི་མངའ་སྡེ་མང་པོ་ཞིག་གི་གནམ་གྲུ་ཐང་ལ་འཇབ་རྒོལ་བྱས་ཏེ།ཨུ་རུ་སུའི་དམག་དཔུང་གི་དམག་འཐབ་གནམ་གྲུ་ཁག་ཅིག་གཏོར་བརླགས་བྱས།
ཚེས6ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་སྤེལ་ནས།ཝུའུ་ཁི་ལན་ཕྱོགས་ཀྱི་འཇབ་རྒོལ་ལ་འཁོན་ལན་སློག་ཆེད།འདས་ཟིན་པའི་ཞག་མ་གཅིག་གི་ནང་དུ་ཨུ་རུ་སུའི་དམག་དཔུང་གིས་ཞིབ་ཚད་མཐོ་བའི་རྒྱང་བསྟེན་སྒྲིག་ཆས་དང་།མཚོ་ཐོག་དང་སྐམ་སའི་མཚོན་ཆ།ཕར་རྒོལ་རང་བཞིན་གྱི་མི་མེད་གནམ་གྲུ་བཅས་སྤྱད་དེ་ཝུའུ་ཁི་ལན་ཕྱོགས་ལ་གཞི་ཁྱོན་ཆེ་བའི་རྡུང་རྡེག་བཏང་པ་དང་། རྡུང་རྡེག་དེའི་དམིགས་འབེན་ནང་ཝུའུ་ཁི་ལན་གྱི་མཚོན་ཆ་དང་དམག་དོན་སྒྲིག་ཆས་ཇུས་འགོད་ལས་ཁུངས།ཐོན་སྐྱེད་དང་ཉམས་གསོ་ཁེ་ལས།ཝུའུ་ཁི་ལན་གྱི་དམག་དཔུང་གི་ཕར་རྒོལ་རང་བཞིན་གྱི་མི་མེད་གནམ་གྲུ་སྒྲིག་སྦྱོར་འཁོར་ཁང་།འཕུར་སྐྱོད་སྦྱོང་བརྡར་ལྟེ་གནས།ཝུའུ་ཁི་ལན་གྱི་དམག་དཔུང་གི་མཚོན་ཆ་དང་སྒྲིག་ཆས་མཛོད་ཁང་བཅས་ཡོད་ལ་དམིགས་འབེན་ཚང་མར་ཕོག་ཡོད་པར་བཤད།
ཚེས6ཉིན།ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལན་སི་ཅི་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས།ཨུ་རུ་སུས་ཞག་མ་གཅིག་གི་ནང་དུ་ཝུའུ་ཁི་ལན་ལ་མི་མེད་གནམ་གྲུ400ལྷག་ཙམ་བཏང་པ་དང་།འཕུར་མདེལ40ལྷག་ཙམ་འཕེན་གཏོང་བྱས་པས། ཝུའུ་ཁི་ལན་གྱི་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་རུ་རོགས་སྐྱོབ་དང་འཕྲལ་བསྟུན་འགུལ་སྐྱོད་ཉིན་གང་བོར་སྤེལ་ཡོད་པར་བཤད། ཁོས་མནའ་འབྲེལ་རྒྱལ་ཁབ་ལ་ཨུ་རུ་སུའི་ཕྱོགས་ལ་གནོན་ཤུགས་སྤྲོད་དགོས་པར་བསྟན་པ་དང་།གལ་ཏེ་གནོན་ཤུགས་མ་སྤྲད་པར་དམག་འཁྲུག་གིས་མུ་མཐུད་དུ་ཚེ་སྲོག་འཕྲོག་ཚེ་ཁོ་ཚོ་ནི་ཉེས་ཅན་ཡིན་པས་འགན་འཁྲི་འཁུར་དགོས་པའི་་སྐུལ་མ་བཏང་། ཚེས6ཉིན་ཝུའུ་ཁི་ལན་སྲིད་འཛིན་གཞུང་དོན་ཁང་གི་ཀྲུའུ་རིན་ཡེ་ཨར་མ་ཁི་ཡིས་ཙེ་ལན་སི་ཅི་ཡིས་ཁ་ན་ཏའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྩེ་ཚོགས་སྐབས་སུ་ཐི་ལང་ཕུའུ་ལ་ཐུག་འཕྲད་བྱེད་རྩིས་ཡོད་པར་བཤད།
གཞན་ཡང་ཚེས6ཉིན་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཚན་མུའུ་པུའུ་ཡིས་སྨྱན་བྱད་བརྒྱུད་ནས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན།ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེའི་ཐོ་རེངས་དུས་སུ་ཨུ་རུ་སུའི་མཁའ་དམག་རྟེན་གཞི་གཉིས་དང་ནུས་རྒྱུ་དང་དམག་དོན་སྒྲིག་ཆས་མང་པོ་ཞིག་ལ་འཇབ་རྒོལ་བྱས་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།