ཉེ་ལམ་ཡོ་རོབ་དང་ཨ་མེ་རི་ཁའི་སྨྱན་བྱད་མང་པོ་ཞིག་གིས་དངུལ་རྩའི་ལས་རིགས་ཀྱི་ཆེད་མཁས་པའི་སྐད་ཆ་དྲངས་ནས་བཤད་རྒྱུར།ཨ་རིའི་ཐི་ལང་ཕུའུ་སྲིད་གཞུང་གིས་ཕྱོགས་གང་སར་ཚོང་དོན་དམག་འཁྲུག་བསླངས་པ་དང་།དེ་བཞིན་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་བུ་ལོན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་སྣང་ཚུལ་གྱིས་རྒྱལ་སྤྱིའི་མ་འཇོག་མཁན་གྱིས་ཨ་རིའི་དངུལ་རྩའི་ཁྲོམ་རའི་བརྟན་བརླིང་རང་བཞིན་ལ་དོགས་པ་རིམ་བཞིན་ཆེ་རུ་སོང་ནས།ཨ་སྒོར་གྱི་རྒྱུ་ནོར་ལ་མ་འཇོག་ཆེན་པོ་བྱེད་པའི་བྱེད་སྟངས་ལ་འགྱུར་ལྡོག་གཏོང་རྒྱུའི་བསམ་བློ་གཏོང་བཞིན་ཡོད་པར་བསྟན།
ཚེས5ཉིན་དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན།ཨ་རིའི་ལན་པོ་རྒྱུ་ནོར་དོ་དམ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་སའེ་སི·པོ་ཨེན་སི་ཐན་གྱི་སྐད་ཆ་དྲངས་ནས།མི་རྣམས་ཀྱིས་ཨ་རིར་ཉེན་ཁ་ཆེ་རུ་འགྲོ་བར་ཡང་བསྐྱར་བསམ་གཞིག་བྱེད་དགོས་པར་བསྟན་ཡོད།ལན་པོ་རྒྱུ་ནོར་དོ་དམ་གྱི་རྒྱུ་ནོར་གཞི་ཁྱོན་གྱིས་ཨ་སྒོར་ཁྲག་ཁྲིག་བདུན་དང་ཐེར་ཆེན་བརྒྱད་ཟིན་ཡོད།
པོ་ཨེན་སི་ཐན་གྱིས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ད་ལྟའི་བུ་ལོན་གཡར་བའི་མྱུར་ཚད་རྒྱུན་མཐུད་བྱེད་དཀའ་བ་དང་།ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱི་སྔོན་དཔག་བྱེད་ཐབས་བྲལ་བའི་རང་བཞིན་ཡང་རྩེག་སྣོན་བྱས་པས་མི་རྣམས་ལ་ཁྱོད་ཀྱིས་ཁྲོམ་ར་ཞིག་ཏུ་གཅིག་སྡུད་ངང་མ་འཇོག་ག་ཚོད་བྱེད་འདོད་ཡོད་དམ་ཞེས་པའི་བསམ་གཞིག་གཏོང་མཚམས་འཇོག་ཏུ་བཅུག་ཡོད།
ཚེས4ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་སྔོན་དཔག་བྱས་པ་ལྟར་ན།ཐི་ལིང་ཕུའུ་སྲིད་གཞུང་གིས་སྐུལ་འདེད་ཤུགས་ཆེན་བཏང་བའི་ཆེ་ཞིང་མཛེས་པའི་ཁྲིམས་གཞི་དེས་ཨ་རིའི་ཁྲལ་བསྡུའི་ཡོང་འབབ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་དང་ཁྲག་ཁྲིག་བདུན་ཇེ་ཉུང་དུ་འགྲོ་རྒྱུ་དང་།མ་འོངས་པའི་ལོ10རིང་མཚལ་ཡིག་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་བཞི་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་རེད།
ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་དངུལ་རྩའི་ཁྲོམ་རར་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་སྐབས།《དངུལ་རྩའི་སྐབས་དོན་ཚགས་པར》གྱིས་ཨ་རིའི་སྒེར་གྱི་མ་འཇོག་སྒྲིག་གཞི་ཆེ་གྲས་ཤིག་གི་མཐོ་རིམ་དོ་དམ་པའི་སྐད་ཆ་དྲངས་ནས་བཤད་དོན།ཟླ4བའི་ཚེས2ཉིན།ཨ་རི་སྲིད་གཞུང་གིས་ཚོང་དོན་རོགས་ཟླ་ཚང་མར་འདྲ་མཚུངས་སྒོ་ཁྲལ་ཟེར་བ་བསྡུ་རྒྱུ་ཁྱབ་བསྒྲགས་བྱས་པའི་བྱ་སྤྱོད་དེས་མ་འཇོག་བྱེད་མཁན་མང་པོ་ཞིག་སད་ནས་རང་ཉིད་ཀྱིས་ཨ་རིའི་ཁྲོམ་རར་མཛོད་ཉར་ཆེ་དྲགས་སོང་སྙམ་པའི་ངོས་འཛིན་བྱུང་ཡོད།
ཨ་རིའི་ཆའོ་ཧྲུའེ་མ་འཇོག་ཀུང་སིའི་དབུ་བཞུགས་མ་འཇོག་ཐབས་ཇུས་པ་ཟུར་པ་ལི་པེ་ཁ·ཕ་ཐེ་སེན་གྱིས་ཨ་རིའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་ལས་འཕྲིན་ལམ(CNBC)ནས་ཉིན་ཤས་སྔོན་བསྒྲགས་པའི་ལེ་ཚན་ཞིག་གི་ནང་དུ།ཁོས་ཝ་ཧྲིན་ཏོན་དུ་འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཚོགས་འདུར་ཞུགས་པའི་འཐུས་མི་དང་གླེང་མོལ་བྱས་རྗེས།ཕྱི་རྒྱལ་གྱི་མ་འཇོག་བྱེད་མཁན་མི་ཉུང་བ་ཞིག་གིས་ཨ་རིར་ཡིད་ཆེས་མེད་པར་གྱུར་ནས།ཨ་རིས་མ་རྩའི་ཁྲོམ་ར་མཚོན་ཆ་ཅན་དུ་འགྱུར་བར་སེམས་ཁྲལ་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་། ཕྱི་རྒྱལ་གྱི་མ་འཇོག་བྱེད་མཁན་འབོར་ཆེན་གྱིས་སྒོ་ཁྲལ་གྱི་གནད་དོན་ལ་སེམས་ཁྲལ་བྱེད་བཞིན་ཡོད་པར་མ་ཟད།དེ་བས་ཀྱང་སེམས་ཁྲལ་བྱེད་བཞིན་པ་ནི་ཨ་རི་རོགས་ཟླ་ཡིན་པའི་ངོས་ནས་བློས་འགེལ་བྱས་ཆོག་མིན་དེ་རེད་ཅེས་བཤད།
ཁོས་ཕྱི་རྒྱལ་གྱི་མ་འཇོག་སྒྲིག་གཞི་ཆེ་གྲས་ཀྱིས་ཨ་སྒོར་གྱི་རྒྱུ་ནོར་ཉུང་ཤས་ཤིག་ཉུང་དུ་བཏང་ནའང་ཨ་རིའི་དངུལ་རྩའི་ཁྲོམ་རར་ཕོག་ཐུག་ཆེན་པོ་བཟོ་སྲིད་ཅེས་ཐ་ཚིག་བསྒྲགས་པ་རེད། ཁྱོད་ནི་ཕྱི་རྒྱལ་གྱི་རྒན་གསོ་ཐེབས་རྩ་ཆེ་གྲས་སམ་ཡང་ན་བདག་དབང་རྒྱུ་ནོར་ཐེབས་རྩའི་དབུ་བཞུགས་མ་འཇོག་དཔོན་ཡིན་པར་བསམ་ཚེ།ལག་ཏུ་ཡོད་པའི་ཨ་རིའི་མ་རྐང2%དང་ཨ་རིའི་བུ་ལོན2%ཇེ་ཉུང་དུ་གཏོང་རྩིས་ཡོད་པ་སྟེ།བསྡོམས་ན་བསྡོམས་པས4%ཡིན།དེའི་ཐོག་ནས་ཨ་སྒོར་དུང་ཕྱུར1.2ཨ་རི་ནས་ཁ་འབྲལ་རྒྱུ་ཡིན་པ་མཚོན་ཡོད་ཅེས་བཤད།
ཨ་རིའི་ནོར་སྲིད་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན།ན་ནིང་གི་ཟླ6པའི་བར་ཕྱི་རྒྱལ་གྱི་མ་འཇོག་མཁན་ལ་སྤྱིའི་རིན་ཐང་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་དང་ཁྲག་ཁྲིག་གཅིག་ཡོད་པའི་ཨ་སྒོར་གྱི་རྒྱུ་ནོར་ཡོད་པ་རེད།
ཚེས5ཉིན།《དངུལ་རྩའི་སྐབས་དོན་ཚགས་པར》གྱིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན།ད་ལོར་ཨ་སྒོར་གྱི་དངུལ་བརྗེས་འཛའ་ཐང9%ཆག་པ་དེ་ལོ་གསུམ་རིང་གི་དམའ་ཤོས་ལ་ཉེ་བ་རེད།
ཨ་རིའི་དངུལ་ཁང་ཞིབ་འཇུག་པུའུ་ཡིས་ཟླ5བའི་ཚེས13ཉིན་ཁྱབ་བསྒྲགས་བྱས་པའི་ཟླ་རེའི་བརྟག་དཔྱད་འབྲས་བུ་གསར་ཤོས་ལས་མངོན་པ་ལྟར་ན།བརྟག་དཔྱད་དང་ལེན་བྱེད་མཁན་མ་འཇོག་མཁན་གྱི་སེམས་ཀྱི་ཉེན་ཁ་ཆེན་པོ་གསུམ་ནི།62%ཡིས་བདམས་པའི་ཚོང་དོན་དམག་འཁྲུག་གིས་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་ཉེན་ཁ་དང་། 15%ཡིས་བདམས་པའི་དངུལ་ལོར་འགྲེམས་ཐལ་ཤོར་བ་ལས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་སྐྱེད་ཀ་འཕར་བ།14%ཡིས་བདམས་པའི་རྒྱལ་སྤྱིའི་མ་རྩ་འཇོག་མཁན་གྱིས་ཉོ་མཚམས་བཞག་ནས་ཨ་སྒོར་བརྡིབས་པའི་རྐྱེན་བཅས་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།