ཚེས6ཉིན།ཨ་རིའི་གནས་སྤོས་ཡུལ་མི་དང་སྒོ་ཁྲལ་ཁྲིམས་འཛིན་ཅུའུ་སོགས་རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཀྱིས་ཁྲིམས་འཛིན་མི་སྣ་འབོར་ཆེན་བཏང་ནས།ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་ལུའོ་ཧྲན་ཅི་རྫོང་གི་ས་ཆ་མང་པོ་ཞིག་ཏུ་ཁྲིམས་འགལ་གནས་སྤོས་ཡུལ་མི་ལ་དམིགས་པའི་ཁྲིམས་འཛིན་འགུལ་སྐྱོད་སྤེལ་བ་ལས་ཁྲོམ་གཞུང་དུ་ཁ་གཏད་དང་ཟང་ཟིང་།གདོང་ཐུག་བཅས་བྱུང་ཡོད་པ་རེད།
ས་གནས་དེའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།ཁྲིམས་འཛིན་མི་སྣས་ལུའོ་ཧྲན་ཅི་གྲོང་ཁྱེར་དུ་ཉུང་མཐར་ཡང་ས་ཆ7གྱི་ཉོ་སྒྲུབ་ལྟེ་གནས་དང་བཟོ་གྲྭ་སོགས་སུ་གློ་བུར་དུ་འགུལ་སྐྱོད་སྤེལ་ནས་ཁྱོན་སྡོམ་མི44འཛིན་བཟུང་བྱས་པ་རེད། ཁྲིམས་འཛིན་མི་སྣས་འགུལ་སྐྱོད་སྤེལ་སྐབས་སུ་ས་གནས་དེའི་སྡེ་ཁུལ་གྱི་གྲོང་མིས་བཀག་འགོག་བྱས་ཏེ་ཕན་ཚུན་བར་གདོང་ཐུག་བྱུང་ཡོད།
ཉིན་དེའི་དགོང་མོར་རྒོལ་གཏམ་གཏོང་མཁན500ཙམ་ལུའོ་ཧྲན་ཅི་གྲོང་ཁྱེར་ལྟེ་གནས་སུ་འདུ་འཛོམས་བྱས་ཏེ།སྦྱར་ཡིག་བསྒྲེངས་ནས་བཀག་ཉར་ཁང་ཞིག་ལ་རྡུང་རྡེག་བྱེད་རྩིས་བྱས་པར་མ་ཟད།སྒྲིག་ལམ་སྲུང་སྐྱོང་བྱེད་དུ་ཡོང་བའི་ཉེན་རྟོག་པའི་བར་གདོང་ཐུག་བྱུང་།
ཚེས6ཉིན་གྱི་ཕྱི་དྲོར།ལུའོ་ཧྲན་ཅི་གྲོང་ཁྱེར་གྱི་མགོ་གཙོ་ཁ་ལུན·པ་སི་ཡིས་གསལ་བསྒྲགས་སྤེལ་ནས།རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཀྱིས་ལུའོ་ཧྲན་ཅི་རུ་ཁྲིམས་འགལ་གནས་སྤོས་ཡུལ་མི་གང་བྱུང་དུ་འཚོལ་བཤེར་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་དེའི་ཐད་ཁོང་ཁྲོ་ཆེན་པོ་ལངས་བཞིན་ཡོད་པའི་ཚུལ་བསྟན།པ་སིས་གསལ་བསྒྲགས་ནང་དུ་དེ་ནི་ཐབས་ཇུས་ཤིག་ཡིན་པ་དང་དམིགས་ཡུལ་ནི་ང་ཚོའི་སྡེ་ཁུལ་དུ་འཇིགས་སྐུལ་ཁྱབ་སྤེལ་བྱ་རྒྱུ་དེ་རེད།ང་ཚོས་བྱ་སྤྱོད་དེའི་རིགས་ལ་གཏན་ནས་བཟོད་སྒོམ་བྱེད་མི་ཆོག་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།