ཚེས7ཉིན། ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་འཛིན་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་དང་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་གཉིས་ཀྱིས་ཁ་པར་ལས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས་ནས་ས་ཁུལ་གྱི་ལས་དོན་ཐད་བསམ་འཆར་བརྗེ་རེས་བྱས།
ཚེས7ཉིན། ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་འཛིན་དྲ་ཚིགས་སྟེང་གསལ་བསྒྲགས་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕན་ཚུན་ཁ་པར་གཏོང་སྐབས་ད་ལོའི་ཟླ2པར་ཞ་པ་ཙིས་ཝུའུ་ཁི་ལན་དུ་འཚམས་འདྲི་བྱེད་སྐབས་བཞག་པའི་གྲོས་མཐུན་དོན་འཁྱོལ་བྱས་ཚུལ་ལ་གྲོས་བསྡུར་གཏིང་ཟབ་བྱས་ཟེར། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་བརྟན་པོའི་ངང་ཤུགས་སྣོན་རྒྱག་པ་དང་རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པར་ཕྱོགས་གཉིས་བློ་ཡིད་ཚིམ་ཡོད།
གསལ་བསྒྲགས་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲངས་འབོར་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མངོན་གསལ་གྱིས་འཕར་བ་དང་། ཐད་གཏོང་གནམ་གྲུ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། རྒྱལ་ཁབ་གཉིས་ཀྱི་སྨན་རྫས་དང་ཞིང་ལས། འཁེལ་འཐག ཟོག་འགྲེམས་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་དུང་ཕྱོགས་གཉིས་ཀྱི་མ་འོངས་པའི་མཉམ་ལས་གྲོས་རིམ་བཀོད་སྒྲིག་གལ་ཆེན་ལ་གྲོས་བསྡུར་བྱས།
གཡང་འབུམ་རྒྱལ་གྱིས་བསྒྱུར།