ཨུ་རུ་སུའི་དམག་དཔུང་གིས་ཡང་བསྐྱར་ཝུའུ་ཁི་ལན་གྱི་དམག་དོན་དམིགས་འབེན་ལ་རྒྱང་བསྟེན་རྡུང་རྡེག་བཏང་།
2025.06.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས7ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་ཁྱབ་སྤེལ་ནས་བཤད་རྒྱུར། འདས་ཟིན་པའི་ཞག་མ་གཅིག་གི་ནང་དུ་ཨུ་རུ་སུའི་དམག་དཔུང་གིས་ཡང་བསྐྱར་ཝུའུ་ཁི་ལན་གྱི་དམག་དོན་དམིགས་འབེན་ལ་རྒྱང་བསྟེན་རྡུང་རྡེག་བཏང་ཟེར།

བརྡ་ཁྱབ་ལས་ཨུ་རུ་སུའི་དམག་དཔུང་གིས་རྒྱང་རིང་ཞིབ་ཚད་མཐོ་བའི་མཚོན་ཆ་དང་མི་མེད་གནམ་གྲུ་སྤྱད་དེ་ཝུའུ་ཁི་ལན་གྱི་དམག་དོན་བཟོ་ལས་ཁེ་ལས་དང་། ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ་སྒྲིག་སྦྱོར་འཁོར་ཁང་། གོ་མཚོན་སྒྲིག་ཆས་ཉམས་གསོ་ས་ཚུགས། ཝུའུ་ཁི་ལན་གྱི་དམག་དཔུང་གི་རྫས་མདེལ་མཛོད་ཁང་སོགས་ལ་སྐོར་བཅོམ་རྡུང་རྡེག་བྱས་པ་ཚང་མ་དམིགས་འབེན་དུ་ཕོག་ཡོད་པར་བཤད།

བརྡ་ཁྱབ་ལས་ད་དུང་འདས་ཟིན་པའི་ཞག་མ་གཅིག་གི་ནང་དུ་ཨུ་རུ་སུའི་མཁའ་ཟོན་མ་ལག་གིས་ཝུའུ་ཁི་ལན་གྱི་དམག་དཔུང་གི་གཏན་འཇགས་མི་མེད་གནམ་གྲུ311གཏོར་བའི་ཁྲོད། གནམ་གྲུ140དམིགས་བསལ་དམག་དོན་བྱ་སྤྱོད་ས་ཁོངས་ཀྱི་ཕྱི་རོལ་དུ་ཡོད། གཞན་ཡང་ཨུ་རུ་སུའི་དམག་དཔུང་གིས་ད་དུང་མཚོ་ནག་ཏུ་ལྦུའུ་ཁི་ལན་གྱི་མི་མེད་གྲུ་གཟིངས4གཏོར་བརླགས་བཏང་།

ཚེས7ཉིན། ཝུའུ་ཁི་ལན་གྱི་མཁའ་དམག་གིས་སྨྱན་བྱད་སྟེང་ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཨུ་རུ་སུའི་ཁུའུ་ཨེར་སི་ཁི་ཕྱོགས་སུ་འགུལ་སྐྱོད་སྤེལ་ནས། ཨུ་རུ་སུའི་དམག་དཔུང་གི་སུའུ-35དམག་འཐབ་གནམ་གྲུ་ཞིག་ཉིན་དེའི་ཞོགས་པར་གཏོར་ཡོད་ཅེས་བཤད།

ཚེས6ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་བརྡ་ཁྱབ་སྤེལ་ནས། འདས་ཟིན་པའི་ཞག་མ་གཅིག་གི་ནང་དུ་ཨུ་རུ་སུའི་དམག་དཔུང་གིས་ཞིབ་ཚད་མཐོ་བའི་རྒྱང་བསྟེན་མཚོན་ཆ་དང་མཚོ་ཐོག་དང་སྐམ་སའི་མཚོན་ཆ།   དེ་མིན་ཕར་རྒོལ་རང་བཞིན་གྱི་མི་མེད་གནམ་གྲུ་བཅས་སྤྱད་དེ་ཝུའུ་ཁི་ལན་ཕྱོགས་ཀྱི་དམིགས་འབེན་ལ་གཞི་ཁྱོན་ཆེ་བའི་རྡུང་རྡེག་བཏང་ཡོད་ཅེས་བཤད། ཉིན་དེར་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཉིན་དེའི་ཐོ་རེངས་དུས་སུ། ཨུ་རུ་སུའི་ས་ལ་ཐུའོ་ཧྥུའུ་མངའ་སྡེའི་ཨེན་ཀི་སི་མཁའ་དམག་རྟེན་གཞི་དང་ལེང་ཙན་མངའ་སྡེའི་ཅ་ཅི་ལེ་ཝོའི་དམག་སྤྱོད་གནམ་གྲུ་ཐང་ལ་རྡུང་རྡེག་བཏང་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།