ཨུ་རུ་སུའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པས་ཨུ་རུ་སུའི་དམག་དཔུང་གིས་ཏིས་ཉེ་པོ་ལུའོ་པིས་ཏི་ལུའོ་ཧྥུའུ་སི་ཁི་མངའ་སྡེ་རུ་ཕར་རྒོལ་བྱས་པར་བཤད།
2025.06.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས8ཉིན། ཨུ་རུ་སུའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མེ་ཏི་ཝེ་ཅེ་ཧྥུའུ་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཨུ་རུ་སུའི་དམག་དཔུང་གིས་ཏིས་ཉེ་པོ་ལུའོ་པིས་ཏི་ལུའོ་ཧྥུའུ་སི་ཁི་མངའ་སྡེ་རུ་ཕར་རྒོལ་བྱས་ཟེར།

ཉིན་དེའི་སྔ་དྲོར་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་བརྡ་ཁྱབ་ནང་ཨུ་རུ་སུའི་དྲག་ཆས་སྟོབས་ཤུགས་ཀྲུང་དབྱང་སྡེ་ཚོགས་དམག་དཔུང་གི་ཐན་ཁི་ཁྲི་ཤོག90པ་ཏུན་ཉེ་སི་ཁེ་ས་ཁུལ་གྱི་ནུབ་རྒྱུད་དང་། ཏིས་ཉེ་པོ་ལུའོ་པིས་ཏེ་ཧྥུའུ་སི་ཁི་མངའ་སྡེ་ཡི་འབྲེལ་མཚམས་སུ་སླེབས་ནས། ཏིས་ཉེ་པོ་ལུའོ་པིས་ཏི་ལུའོ་ཧྥུའུ་སི་ཁི་མངའ་སྡེ་ལ་ཕར་རྒོལ་བྱས་པ་དང་། གཞན་ཡང་ཨུ་རུ་སུའི་ཀྲུང་དབྱང་སྡེ་ཚོགས་དམག་གིས་ཏུན་ཉེ་སི་ཁི་ས་ཁུལ་གྱི་སྡོད་དམངས་ཀྱི་གནས་ཡུལ་མང་པོ་ཞིག་ཏུ་ཝུའུ་ཁི་ལན་གྱི་དམག་དཔུང་ཕམ་པར་བཏང་ཞིང་།  ཨུ་རུ་སུའི་ལྷོ་རྒྱུད་སྡེ་ཚོགས་དམག་དཔུང་གིས་ཏུན་ཉེ་ཚི་ཁི་ས་ཁུལ་གྱི་ཀྲ་ལི་ཡའི་སྡོད་དམངས་ས་ཆ་ཚོད་འཛིན་བྱས་ཡོད་པར་བསྟན།

ཚེས8ཉིན། ཝུའུ་ཁི་ལན་གྱི་རང་ཚུགས་འཕྲུལ་ཆས་ཅན་སྟོང་ཤོག31པས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། སྟོང་ཤོག་དེའི་འགོག་སྲུང་ས་ཁུལ་དུ་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ་དང་། ཨུ་རུ་སུའི་དམག་དཔུང་གིས་ཏིས་ཉེ་པོ་ལུའོ་པིས་ཏི་ལུའོ་ཧྥུའུ་སི་ཁི་མངའ་སྡེ་ལ་ཕར་རྒོལ་བྱེད་པའི་རེ་ངན་དོར་མེད་མོད། འོན་ཀྱང་སྟོང་ཤོག་དེས་བློ་བརྟན་འགྱུར་མེད་ཀྱིས་འཐབ་འཛིང་བྱས་ནས་འགོག་སྲུང་ཐིག་སྲུང་འཛིན་བྱས་ཡོད་ཅེས་བཤད།

ཏིས་ཉེ་པོ་ལུའོ་པིས་ཏི་ལུའོ་ཧྥུའུ་སི་ཁི་མངའ་སྡེ་ནི་ཝུའུ་ཁི་ལན་གྱི་དབུས་ཤར་ས་ཁུལ་དུ་ཡོད་པ་དང་ཏུན་ཉེ་སི་ཁི་ས་ཁུལ་དང་འབྲེལ་ཡོད།

ཕུའུ་ཅིང་གིས2022ལོའི་ཟླ10པར་ཏུན་ཉེ་སི་ཁི་དང་། ལུའུ་ཀན་སི་ཁི། ཀྲ་ཕོ་ལོ་རེ། ཧི་ཨར་སུང་བཅས་ས་ཆ་བཞི་རྒྱལ་ཕྲན་མཉམ་འབྲེལ་གྱི་ས་ཁུལ་གཙོ་བོར་བརྩིས་ནས་ཨུ་རུ་སུའི་ནང་ཞུགས་པའི་ཆིངས་ཡིག་ལ་ཆོག་མཆན་སྤྲད་པ་དང་། གོང་གསལ་གྱི་ས་ཆ་བཞི་བོ་དེ་ཨུ་རུ་སུའི་ནང་ཞུགས་རྒྱུའི་འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆ་བཀོད་པ་རེད། ཨུ་རུ་སུའི་དབྱེ་ཞིབ་མི་སྣ་དང་གླེང་ཕྱོགས་ཀྱིས་བཅའ་ཁྲིམས་ཐད་ཨུ་རུ་སུའི་ནང་ཞུགས་པའི་ས་ཁུལ་བཞི་བོ་དེ་ཚུར་བསྡུས་ནི། ཨུ་རུ་སུའི་དམིགས་བསལ་དམག་དོན་བྱ་སྤྱོད་དམིགས་འབེན་གྱི་གྲས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།  ད་ལོའི་ཟླ3པའི་ཚེས27ཉིན་ཕུའུ་ཅིང་གིས་ཨུ་རུ་སུའི་ནུབ་བྱང་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་མོ་ཨར་མན་སི་ཁི་རུ་ལྟ་ཞིབ་བྱེད་སྐབས། ཨུ་རུ་སུ་ཕྱོགས་ཀྱིས་ལུའུ་ཀན་སི་ཁིའི99%དང་། ཏུན་ཉེ་སི་ཁི་དང་ཧི་ཨར་སུང་། ཀྲ་ཕོ་ལོ་རེ་བཅས་ས་ཆ་གསུམ་གྱི70%ཚོད་འཛིན་བྱས་ཡོད་ཅེས་བཤད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།