ས་གནས་དེའི་དུས་ཚོད་ཚེས8ཉིན་གྱི་སྔ་དྲོར། ཨ་མེ་རི་ཁའི་ཅ་ལིས་ཧྥུའུ་ཉི་ཡ་མངའ་སྡེའི་ལོ་ཧྲན་ཅི་གྲོང་ཁྱེར་དཀྱིལ་སྙིང་མཉམ་འབྲེལ་ཁྲིམས་བསྟར་ལས་ཁུངས་སྒོ་མདུན་གྱི་རྒོལ་གཏམ་གཏོང་མཁན་དང་ས་གནས་དེར་བཀོད་སྒྲིག་བྱས་ཡོད་པའི་རྒྱལ་དམངས་ཉེན་རྟོག་རུ་དཔུང་བར་རྩོད་གླེང་བྱུང་།
ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཡུལ་དངོས་ནས་མཐོང་བ་ལྟར་ན། རྩོད་གླེང་ཁྲོད་རྒྱལ་དམངས་ཉེན་རྟོག་རུ་དཔུང་གི་མི་སྣས་མིག་ཆུ་འབེབ་པའི་མདེལ་རྫས་དང་འགྱིག་མདེལ་འཕངས་ནས་རྒོལ་གཏམ་གཏོང་བའི་མི་ཚོགས་ཁ་ཐོར་དུ་གཏོང་བསམ་ཀྱང་། རྒོལ་གཏམ་གཏོང་མཁན་ཇེ་མང་དུ་ཇེ་མང་དུ་སོང་སྟེ། ཐོག་མའི་མི་བཅུ་ཕྲག་འགའ་ནས་མི་ཉིས་བརྒྱ་ཡན་ལ་སླེབས། རྒོལ་གཏམ་གཏོང་མཁན་གྱི་སེམས་ཁམས་ལ་ངར་ཤུགས་རྒྱས་ཏེ། རྒྱུན་ཆད་མེད་པར་རྒྱལ་དམངས་ཉེན་རྟོག་རུ་དཔུང་དང་ཉེན་རྟོག་ཕྱོགས་ལ་སྐད་གསེང་མཐོན་པོས་སྐྱོན་བརྗོད་བྱས། རྒོལ་གཏམ་གཏོང་མཁན་གྱིས་རྒྱལ་དམངས་ཉེན་རྟོག་རུ་དཔུང་གི་མི་སྣར་ཆུ་དམ་དང་རྡོ་ཡིས་བརྒྱབ་ཅིང་། དེའི་ཁྲོད་མི་ལ་ལས་མིག་ཆུ་འབེབ་པའི་མདེལ་རྫས་ཕྱིར་གཡུགས་བཞིན་ཡོད་ཟེར།
ཡུལ་དངོས་སུ་བཅར་འདྲི་བྱེད་བཞིན་པའི་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་དཔུང་པར་མིག་ཆུ་འབེབ་པའི་མདེལ་རྫས་ཕོག་པ་དང་། བརྙན་ཕབ་པའི་རྐང་པ་གཡོན་པའི་སྟེང་འགྱིག་མདེལ་ཕོག་ནས་སྐྲང་འབུར་དོད་ཡོད་ཟེར།
ཡུལ་དངོས་ཀྱི་རྒོལ་གཏམ་གཏོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཁོ་ཚོ་ཚང་མ་ཧུར་ཐག་གིས་བྱ་བ་སྒྲུབ་བཞིན་པའི་ས་གནས་སྡེ་ཁུལ་གྱི་སྡོད་དམངས་ཡིན། ང་ཚོས་ཞི་བའི་སྒོ་ནས་འདོད་ཚུལ་གླེང་བའི་རེ་བ་བྱས་ཡོད་པས། ཐི་ལང་ཕུའུ་སྲིད་གཞུང་གིས་དམག་དཔུང་མངགས་ནས་ང་ཚོར་ངོ་ཡ་བྱེད་དགོས་པའི་དོན་སྙིང་མི་འདུག་ཟེར།
ཨ་མེ་རི་ཁའི་གནས་སྤོར་སྡོད་དམངས་དང་སྒོ་ཁྲལ་ཁྲིམས་བསྟར་ཅུའུ་སོགས་མཉམ་འབྲེལ་ལས་ཁུངས་ཀྱིས་ཚེས6ཉིན་དང་ཚེས7ཉིན་ཁྲིམས་བསྟར་མི་སྣ་གང་མང་སྐུལ་སློང་བྱས་ཏེ། ལོ་ཧྲན་ཅི་རྫོང་གི་ས་གནས་མང་པོ་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་འཛིན་བཟུང་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། བསྟུད་མར་ཉིན་གཉིས་རིང་ས་གནས་སྡེ་ཁུལ་གྱི་སྡོད་དམངས་བར་རྩོད་གླེང་ཚབས་ཆེན་བྱུང་། ཚེས7ཉིན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་སྲིད་འཛིན་བརྗེད་ཐོར་མིང་རྟགས་བཀོད་དེ། ཅ་ཀྲིག་གི་ཀྲིང་ཀྲང་ཉིག་སིན་གྱི་རོགས་སྐྱོར་རེ་ཞུ་འབྱོར་མེད་པའི་གནས་ཚུལ་འོག ལོ་ཧྲན་ཅི་ས་ཁུལ་དུ་རྒྱལ་དམངས་ཉེན་རྟོག་དམག་མི་སྟོང་ཉིས་བཅའ་སྡོད་བྱེད་དུ་བཅུག ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཚེས8ཉིན་བཤད་རྒྱུར། ཉིན་དེར་བསྡོམས་པས་རྒྱལ་དམངས་ཉེན་རྟོག་དམག་དཔུང་གི་དམག་མི300བཀའ་ལྟར་ལོ་ཧྲན་ཅི་ས་ཁུལ་བཅའ་སྡོད་བྱས་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།