ཅ་ཧྲའི་འཕྲོད་བསྟེན་སྡེ་ཁག་གི་འགན་ཁུར་པས་ཅ་ཧྲའི་སྨན་ཁང་འཁོར་སྐྱོད་མཚམས་འཇོག་པའི་ཉེན་ཁར་འཕྲད་ཡོད་ཟེར།
ཁ་ཐཱར་འཕྲིན་གཏོང་ཁང་གིས་ཚེས8ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་འགན་ཁར་པ་མུའུ་ཉི་ཨར་པུའུ་ཨར་ཧྲི་ཡིས་ཉིན་དེར་བཤད་རྒྱུར། དབྱི་སི་རལ་གྱིས་བསྟུན་མར་དམག་དོན་རྡུང་རྡེག་དང་བཀག་སྡོམ་བྱས་པའི་རྐྱེན་གྱིས། ཅ་ཧྲ་ས་ཁུལ་དུ་ད་ལྟའི་བར་གནས་ཡོད་པའི་སྨན་ཁང་ཉུང་ཤས་དག་འཁོར་སྐྱོད་མཚམས་འཇོག་པའི་གནས་བབ་ལ་འཕྲད་ཅིང་། སྨན་བཅོས་མ་ལག་ཕྱོགས་ཡོངས་ནས་ཐོར་ཞིག་ཏུ་འགྲོ་བའི་ཉེན་ཁར་འཕྲད་ཡོད་ཟེར།
པུའུ་ཨར་ཧྲི་ཡིས་ཁ་ཐཱར་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མིག་སྔར་ཅ་ཧྲ་ས་ཁུལ་དུ་འཁོར་སྐྱོད་བྱེད་བཞིན་པའི་སྨན་ཁང་གི་འབར་རྫས་ཀྱིས་ཉིན་གཉིས་རིང་མ་གཏོགས་རྒྱུན་བསྐྱང་མི་ཐུབ་ལ། གལ་ཏེ་དུས་ལྟར་འདོན་སྤྲོད་བྱེད་མ་ཐུབ་ཚེ། དུས་ཚོད48ནང་དུ་སྨན་ཁང་འདི་དག་གིས་ཕྱོགས་ཡོངས་ནས་འཁོར་སྐྱོར་མཚམས་འཇོག་དགོས་ཞེས་བཤད་པ་དང་། མིག་སྔར་གྱི་ཛ་དྲག་ཆེ་བའི་གནས་བབ་ལ་གཞིགས་ནས། པུའུ་ཨར་ཧྲི་ཡིས་ཅ་ཧྲ་ས་ཁུལ་གྱི་སྨན་ཁང་བྲེལ་མྱུར་ཆེ་བའི་གནས་སུ་ལྷུང་ཡོད་པ་ཁྱབ་བསྒྲགས་བྱས།
པུའུ་ཨར་ཧྲི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། མཐའ་མཚམས་ས་ཚིགས་མྱུར་དུ་སྒོ་འབྱེད་དགོས་ཤིང་། སྨན་བཅོས་དངོས་རྫས་དང་འབར་རྫས་ནང་འདྲེན་ལ་ཆོག་མཆན་བཀོད་པར་བརྟེན་ནས་ཅ་ཧྲ་ས་ཁུལ་གྱི་ནད་པར་རོགས་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན། ཁོས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱིས་རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་གཏན་འཁེལ་སྨན་ཁང་གི་འབར་རྫས་གསོག་འཇོག་བྱེད་སར་འགྲོ་དགོས་པ་མ་ཟད། ས་ཁུལ་དེ་དག་ནི་ཉེན་ཁའི་འཐབ་ཡུལ་ཡིན་པ་ཁྱབ་བསྒྲགས་བྱེད་དགོས་ཟེར།
ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས7ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ3ཚེས18ཉིན་གྱི་ཚུན་ལ། དབྱི་སི་རལ་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་གྱི་ས་གནས་མང་པོར་འཇབ་རྒོལ་བྱས་པ་ལས། ཉུང་མཐར་ཡང་མི4497རྐྱེན་ལམ་དུ་ཤོར་བ་དང་། མི13793ལ་རྨས་ཕོག་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།