ཚེས8ཉིན་གྱི་དགོང་མོ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ལྷོ་རྒྱུད་ཇུས་འདོན་པུའུ་ཡིས་ཅ་ཧྲ་ས་ཁུལ་དུ་སྤེལ་བའི་གནས་གཏན་འཁེལ་གྱི་འགུལ་སྐྱོད་ཅིག་གི་ནང་དུ། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱི་དམག་དོན་མགོ་ཁྲིད་མོ་ཧན་ཏི·ཞིན་ཝ་ཨར་གྱི་བེམ་པོ་རྙེད་པ་རེད།
གསལ་བསྒྲགས་ལྟར་ན། མུའུ་ཧན་ཏི·ཞིན་ཝ་ཨར་གྱི་བེམ་པོ་ནི་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ཧན་ཡིའུ་ཉི་སིར་ཡོད་པའི་ཡོ་རོབ་སྨན་ཁང་གི་ས་འོག་ཕུག་ལམ་ནས་རྙེད་པ་རེད།
གསལ་བསྒྲགས་ནང་དབྱི་སི་རལ་གྱི་དམག་དཔུང་དང་དབྱི་སི་རལ་བདེ་འཇགས་སྡེ་ཁག་གིས་ཟླ5བའི་ཚེས13ཉིན་སྤེལ་བའི་མཉམ་འབྲེལ་འགུལ་སྐྱོད་ཁྲོད། མུའུ་ཧན་མོ་ཏི·ཞིན་ཝ་ཨར་དང་ཧ་མ་སི་ལ་ཧྥ་ལུའི་ཅུའུ་ཡི་བཀོད་འདོམས་དཔོན་མུའུ་ཧན་མོ་ཏི·ཧྲ་པ་ན་དང་མཉམ་དུ་བསད་པ་དང་། སྐབས་དེར་ཁོ་ཚོ་དབྱི་སི་རལ་གྱི་དམག་དཔུང་གིས་མིག་སྔར་འགུལ་སྐྱོད་སྤེལ་བཞིན་པའི་“ས་འོག་བཀོད་འདོམས་དང་ཚོད་འཛིན་ལྟེ་གནས”སུ་སྦས་ཡོད། ས་འོག་ཕུག་ལམ་ལ་སྔོག་བཤེར་བྱེད་སྐབས། དབྱི་སི་རལ་གྱི་དམག་དཔུང་གིས་ད་དུང་ཞིན་ཝ་ཨར་དང་ཧྲ་པ་ནའི་དངོས་པོ་ཁག་ཅིག་རྙེད་ཡོད་པ་རེད།
གསལ་བསྒྲགས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འགུལ་སྐྱོད་སྤེལ་བའི་ཁྲོད་ད་དུང་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་གཞན་དག་གི་བེམ་པོ་རྙེད་པ་དང་མིག་སྔར་ཁོ་ཚོའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།
ཟླ5པའི་ཚེས31ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དང་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ(ཞིན་པེ་ཐེ)ཡིས་གསལ་བསྒྲགས་སྤེལ་ནས། མུའུ་ཧན་ཏི·ཞིན་ཝ་ཨར་ཉིན་འགའི་སྔོན་དབྱི་སི་རལ་གྱི་དམག་གིས་ཧན་ཡིའུ་ཉི་སི་སུ་མཁའ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།