ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཚེས9ཉིན་བསྟན་དོན། ཕྱོགས་གཉིས་བར་ཚེས2ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཐུན་མོང་ངོས་འཛིན་བྱུང་བ་ལྟར་ན། ཕྱོགས་གཉིས་ཀྱིས་སྐོར་ཐེངས་དང་པོའི་ལོ25མན་གྱི་བཟུང་དམག་བརྗེ་རེས་བྱེད་མགོ་བརྩམས་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས9ཉིན་སྤྱི་ཚོགས་སྨྱན་བྱད་སྟེང་གནས་ཚུལ་སྤེལ་ནས་བཤད་རྒྱུར། སྐོར་ཐེངས་དང་པོའི་ཨུ་རུ་སིའི་དམག་མི་ཉིན་དེར་ཝུའུ་ཁི་ལན་གྱི་བཀག་སྡོམ་ཁུལ་ནས་ཕྱིར་ལོག་ཟེར། ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ལ་ཁ་གྲངས་གཅིག་མཚུངས་ཀྱི་ཝུའུ་ཁི་ལན་གྱི་དམག་མི་བརྗེ་སྤྲོད་བྱས། ཨུ་རི་སིའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། བརྗེ་སྤྲོད་ལས་ཕྱིར་ཐོན་པའི་ཨུ་རུ་སིའི་དམག་མི་ཚང་མས་མིག་སྔར་ཨུ་རུ་སི་དཀར་པོར་དགོས་ངེས་ཀྱི་སྨན་བཅོས་དང་སེམས་ཁམས་ཐད་ཀྱི་རོགས་སྐྱོར་དང་ལེན་བྱེད་བཞིན་ཡོད་ལ། ཁོ་ཚོ་ཕྱིར་ཨུ་རུ་སིར་བསྐྱལ་ནས་མུ་མཐུད་དུ་ཨུ་རུ་སི་ཕྱོགས་ཀྱི་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་དུ་འཇུག་དགོས་ཟེར།
ཝུའུ་ཁི་ལན་གྱི་བཟུང་དམག་ལྟ་སྐྱོང་མཐུན་སྦྱོར་སྤྱི་ཁྱབ་པུའུ་ཡིས་ཉིན་དེར་སྤྱི་ཚོགས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཕྱིར་བཏང་བའི་མི་སྣའི་ཁྲོད་དུ་མ་ལི་ཝུའུ་པོ་ཨར་འགོག་སྲུང་དམག་འཁྲུག་ལ་ཞུགས་པའི་ཝུའུ་ཁི་ལན་གྱི་དམག་མི་ཡོད་ལ། དམག་མི་དེ་ཚོ་ལོ་གསུམ་ལྷག་ལ་བཀག་འཇུག་བྱས་པ་རེད་ཟེར།
ཕྱོགས་གཉིས་ཀྱིས་ཐེངས་འདིའི་བཟུང་དམག་བརྗེ་སྤྲོད་མི་སྣའི་བྱེ་བྲག་གི་ཁ་གྲངས་གསལ་བོར་བསྒྲགས་མེད།
ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཚེས2ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཐད་ཀར་གྲོས་མོལ་ཐེངས་གཉིས་པ་སྤེལ་བ་དང་། ཕྱོགས་གཉིས་ཁ་གྲངས་གཅིག་མཚུངས་སྒོས་བརྗེ་སྤྲོད་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་རྨས་སྐྱོན་ལྕི་མོ་ཕོག་པའི་བཟུང་དམག་དང་ལོ25མན་གྱི་ལོ་ཆུང་བཟུང་དམག་བརྗེ་རེས་བྱེད་རྒྱུར་འཐད་པ་བྱུང་།
རིག་འཛིན་སྒྲོལ་མས་བསྒྱུར།