ལི་པི་ཡའི་མཉམ་འབྲེལ་རོགས་སྐྱོར་ཚོགས་པས་ལི་པི་ཡའི་རྒྱལ་སར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལས་འགལ་བའི་གདོང་ཐུག་བྱུང་བར་རྒོལ་གཏམ་བཏང་།
2025.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས9ཉིན་གྱི་དགོང་མོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པི་ཡའི་རོགས་སྐྱོར་ཚོགས་པས(ལི་པི་ཡའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚོགས་པ)གསལ་བསྒྲགས་སྤེལ་ནས། ཉིན་དེའི་སྔ་མོར་དགྲར་འཛིན་དྲག་ཆས་ཚོགས་པའི་བར་ལི་པི་ཡའི་རྒྱལ་ས་ཐི་རི་ཕོ་ལིས་སུ་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་གདོང་ཐུག་བྱུང་བར་རྒོལ་གཏམ་བཏང་།

ལི་པི་ཡའི་མཉམ་འབྲེལ་རོགས་སྐྱོར་ཚོགས་པའི་གསལ་བསྒྲགས་ལས་ཕྱོགས་སོ་སོས་བཞག་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལ་བརྩི་འཇོག་བྱས་ནས། གྲོས་མཐུན་ལ་གཏོར་བརླག་གཏོང་སྲིད་པའི་བྱ་སྤྱོད་གང་རུང་མི་སྤྱོད་པ་དང་། དམག་འཁྲུག་མཚམས་འཇོག་པའི་ལམ་ལུགས་ལྟར་གྲོས་མོལ་བྱེད་པར་སྐུལ་མ་བཏང་ནས། མི་སེར་ལ་འཇབ་རྒོལ་བྱེད་པའི་འགན་འཁྲི་བདའ་འདེད་བྱེད་དགོས་པ་ནན་བཤད་བྱས་ཡོད།

ས་གནས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་པ་ལྟར་ན། ཚེས9ཉིན་གྱི་སྔ་དྲོར། དགྲར་འཛིན་དྲག་ཆས་ཚོགས་པའི་བར་ཐི་རི་ཕོ་ལིའི་ས་ཁུལ་ཁག་ཅིག་ཏུ་གདོང་ཐུག་བྱུང་ནས་མི་སེར་ལ་འཇིགས་སྣང་བཟོས་ཡོད་ཟེར། ཚེས་9ཉིན་གྱི་ཕྱི་དྲོར། ལི་པི་ཡའི་མི་རིགས་གཅིག་གྱུར་སྲིད་གཞུང་གི་རྒྱལ་སྲུང་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཐི་རི་ཕོ་ལི་རུ་བྱུང་བའི་གདོང་ཐུག་མཇུག་བསྒྲིལ་ཟིན་པ་དང་། དེ་དང་མཉམ་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་དེ་རིགས་སླར་ཡང་མི་འབྱུང་ཞེས་ཐ་ཚིག་བསྒྲགས་པར་མ་ཟད། དུས་དང་རྣམ་པ་ཀུན་ཏུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་བདེ་འཇགས་འགན་ལེན་བྱེད་པར་གྲ་སྒྲིག་བྱེད་རྒྱུ་བསྐྱར་བསྒྲགས་ཀྱང་བྱས་པ་རེད། མིག་སྔར་ལི་པི་ཡ་ཕྱོགས་ཀྱིས་གདོང་ཐུག་ལས་བྱུང་བའི་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་སྙན་ཞུ་བྱས་མེད།

ད་ལོའི་ཟླ5པའི་ཟླ་དཀྱིལ་དུ་ཐི་རི་པོ་ལིའི་ས་ཁུལ་མང་པོ་ཞིག་ཏུ་ཉིན་གཉིས་ཀྱི་རིང་ལ་དགྲར་འཛིན་ཕྱོགས་ཁག་བར་དྲག་ཤུགས་གདོང་ཐུག་བྱུང་ནས་ཉུང་མཐར་ཡང་མི6རྐྱེན་ལམ་དུ་ཤོར་བ་རེད། ལི་པི་ཡའི་མཉམ་འབྲེལ་རོགས་སྐྱོར་ཚོགས་པས་དེའི་རྗེས་ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་དང་དམག་འཁྲུག་མཚམས་འཇོག་པའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཁྱབ་བསྒྲགས་བྱས།

2011ལོར་ཁ་ཀྲ་ཧྥེའི་སྲིད་དབང་མགོ་རྟིང་སློག་པ་ནས་བཟུང་ལི་པི་ཡ་གཡོ་འགུལ་གྱི་གནས་སུ་གྱར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁས་ལེན་བྱས་པའི་མི་རིགས་གཅིག་གྱུར་སྲིད་གཞུང་དང་དེར་རྒྱབ་སྐྱོར་བྱེད་པའི་དྲག་ཆས་སྟོབས་ཤུགས་ཀྱིས་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་ལ་ཚོད་འཛིན་བྱས་པ་དང་།  རྒྱལ་དམངས་འཐུས་མི་ཚོགས་ཆེན་གྱིས་རྒྱལ་དམངས་དམག་དང་མནའ་འབྲེལ་གྱིས་ས་ཁོངས་དེའི་ས་ཁུལ་མང་ཆེ་བ་ཚོད་འཛིན་བྱས་ཏེ་ཕྱོགས་གཉིས་ཁ་གཏད་དུ་ལངས་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།