ཚེས9ཉིན། དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། གལ་སྲིད་དབྱི་ལིང་ལ་དབྱི་སི་རལ་གྱི་འཇབ་རྒོལ་ཐེབས་ཚེ་དབྱི་སི་རལ་གྱི་གསང་བའི་ཉིང་རྡུལ་སྒྲིག་ཆས་དེ་དབྱི་ལིང་གི་རྡུང་རྡེག་དམིགས་འབེན་དུ་འགྱུར་སྲིད་ཟེར།
ཉིན་དེར་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གསལ་བསྒྲགས་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་བ་ཁ་ཤས་རིང་འབད་བརྩོན་བྱས་པ་བརྒྱུད། དབྱི་ལིང་ལ་གསང་འཕྲིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཅིང་། དབྱི་སི་རལ་གྱི་གཞི་གྲངས་དང་ཡིག་ཆ་འབོར་ཆེན་ཐོབ་པའི་ནང་ཉིང་རྡུལ་འཆར་གཞི་དང་སྒྲིག་ཆས་དང་འབྲེལ་བ་ཡོད་པའི་དཔྱད་གཞི་འདུས་ཡོད།
གསལ་བསྒྲགས་ལས་དབྱི་ལིང་གི་དྲག་ཆས་དམག་དཔུང་གིས་དེ་མཚུངས་ཀྱི་དམག་འཐབ་ནུས་པ་བཙུགས་ནས། དབྱི་ལིང་གིས་དབྱི་སི་རལ་ཕྱོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བྱེད་སྐབས། དབྱི་སི་རལ་ཕྱོགས་ཀྱི་གསང་བའི་ཉིང་རྡུལ་སྒྲིག་ཆས་ལ་མྱུར་དུ་རྡུང་རྡེག་བྱེད་ཐུབ་པའམ་ཡང་ན་དབྱི་སི་རལ་ཕྱོགས་ཀྱིས་དབྱི་ལིང་གི་དཔལ་འབྱོར་དང་དམག་དོན་རྨང་གཞིའི་སྒྲིག་ཆས་ལ་བཙན་གནོད་གང་རུང་བྱས་པར་གནད་འཁེལ་དང་འདྲ་མཉམ་གྱི་ངོ་རྒོལ་ལག་བསྟར་བྱེད་ཐུབ་ཅེས་འཁོད་ཡོད།
ཉེ་ལམ་ཨ་རིའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། གསང་འཕྲིན་ལས་དབྱི་སི་རལ་གྱིས་དབྱི་ལིང་གི་ཉིང་རྡུལ་སྒྲིག་ཆས་ལ་འཇབ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་མངོན་ཡོད། ཟླ5བའི་ཚེས28ཉིན། ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་སྨྱན་བྱད་ལས་རིགས་ལ་བཤད་རྒྱུར། ཁོས་དབྱི་སི་རལ་ལ་གནས་སྐབས་སུ་དབྱི་ལིང་ལ་ཕར་རྒོལ་བྱེད་མི་ཆོག་པའི་ཐ་ཚིག་བསྒྲགས་ཡོད། དེ་ལྟར་བྱས་ན་ཨ་རི་སྲིད་གཞུང་ལ་དབྱི་ལིང་དང་ཉིང་རྡུལ་གྲོས་མཐུན་གསར་པ་འཇོག་པར་སྐུལ་འདེད་གཏོང་བའི་དུས་ཚོད་དེ་ལས་མང་པོ་ཡོད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།