ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་མགོ་གཙོས་ཐི་ལིང་ཕུའུ་ཡིས་ཁོ་འཛིན་བཟུང་བྱ་རྒྱུའི་འཇིགས་སྐུལ་བྱས་ཟེར།
2025.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས9ཉིན་གྱི་སྔ་དྲོ་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་མགོ་གཙོ་ཉིའུ་སེན་གྱིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁོ་འཛིན་བཟུང་བྱ་རྒྱུའི་འཇིགས་སྐུལ་བྱས་པ་དང་བྱ་སྤྱོད་དེ་རིགས་ནི་ཨ་རིས་བརྒལ་མི་ཐུབ་པའི་ཚད་མཐའ་ཞིག་རེད་ཅེས་བཤད།

ཉིའུ་སེན་གྱིས་ཉིན་དེའི་སྔ་མོར་ཐི་ལིང་ཕུའུ་ཡིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་ཀྱི་བརྙན་རིས་བརྒྱུད་སྤྲོད་བྱས་པ་དང་། དེའི་རྗེས་སུ་ཨ་རིའི་ཙུང་ཐུང་གིས་ད་སོ་མ་མངའ་སྡེའི་མགོ་གཙོ་ཞིག་འཛིན་བཟུང་བྱ་རྒྱུའི་སྐོར་ཁྱབ་བསྒྲགས་བྱས། ངས་ཨ་རིས་ནམ་ཡང་ཉིན་མོ་འདི་འདྲ་ཞིག་མི་མཐོང་བའི་རེ་བ་བྱེད་ཀྱི་ཡོད། ཁྱེད་རང་དམངས་གཙོ་ཏང་གི་མི་ཡིན་ནའང་འདྲ་སྤྱི་མཐུན་ཏང་གི་མི་ཡིན་ནའང་འདྲ། དེ་ནི་ང་ཚོའི་རྒྱལ་ཁབ་ཀྱིས་བརྒལ་མི་ཐུབ་པའི་མཐའ་ཚད་ཅིག་ཡིན་ཞེས་བྲིས་ཡོད།

ཚེས8ཉིན་རྒོལ་གཏམ་གཏོང་མཁན་དང་ཐི་ལིང་ཕུའུ་སྲིད་གཞུང་གིས་ལའོ་ཧྲན་ཅི་རུ་མངགས་པའི་རྒྱལ་དམངས་ཉེན་སྲུང་རུ་ཁག་དང་། རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞིའི་ཁྲིམས་འཛིན་མི་སྣ། ས་གནས་དེའི་ཉེན་རྟོག་པ་བཅས་ཀྱི་བར་མུ་མཐུད་དུ་གཞི་ཁྱོན་ཆེ་བའི་གདོང་ཐུག་བྱུང་ཡོད། ཚེས8ཀྱི་ཉིན་གུང་ཐི་ལིང་ཕུའུ་སྲིད་གཞུང་གི་མཐའ་མཚམས་ལས་དོན་གཙོ་གཉེར་བ་ཐང་མུའུ·ཧོ་མན་གྱིས་མུ་མཐུད་ཅ་ལི་ཧྥུ་ཉི་ཡ་ལྷོ་མའི་ས་ཁུལ་དུ་ཁྲིམས་འགལ་གནས་སྤོས་ཡུལ་མིར་དམིགས་པའི་རྡུང་རྡེག་ནན་མོ་གཏོང་རྒྱུ་དང་། ཉིའུ་སེན་དང་ལུའོ་ཧྲན་ཅིའི་མགོ་གཙོ་པ་སི་དང་བཅས་པའི་བཀག་འགོག་བྱེད་མཁན་ཚང་མ་འཛིན་བཟུང་བྱ་རྒྱུ་ཡིན་ཞེས་བསྟན།

ཚེས8ཉིན་གྱི་ཕྱི་དྲོར།  ཉིའུ་སེན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས།  ང་འཛིན་དུ་ཤོག  ང་རང་ཁོ་ལ་སྐྲག་གམ།  འདིས་ངས་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་ཆེད་དུ་སྐད་ཆ་བཤད་རྒྱུར་བཀག་འགོག་བྱེད་ཐབས་མེད་ཅེས་བཤད།  ཚེས9ཉིན་གྱི་སྔ་དྲོར་ཐི་ལིང་ཕུའུ་ཡིས་སྨྱན་བྱད་ལས། གལ་ཏེ་ང་ཧོ་མན་ཡིན་ན། ང་རང་ཁོ་འཛིན་དུ་འགྲོ་སྲིད། ངས་བལྟས་ན་དེ་ཧ་ཅང་ཡག་པོ་ཞིག་རེད་ཅེས་བཤད།

ཚེས6ཉིན་ལུའོ་ཧྲན་ཅི་སྡེ་ཁུལ་གྱི་ཡུལ་མི་དང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྒྲིག་གཞིའི་ཁྲིམས་འཛིན་མི་སྣ་བར་མུ་མཐུད་དུ་གདོང་ཐུག་བྱུང་བ་ནས་བཟུང་། ཐི་ལིང་ཕུའུ་དང་ཉིའུ་སེན་གྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་སྐྱོན་བརྗོད་བྱས་ནས་ཟང་ཟིང་གི་རྣམ་པ་ཚོད་འཛིན་བྱེད་ཐབས་བྲལ་བར་གྱུར།

གཡང་འབུམ་རྒྱལ་གྱིས་བསྒྱུར།