ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས10ཉིན་གྱི་དགོང་མོར་ཁྱབ་བསྒྲགས་བྱས་དོན། རྩ་འཛུགས་དེའི་དྲག་ཆས་སྟོབས་ཤུགས་ཀྱིས་ཉིན་དེར་དབྱི་སི་རལ་གྱི་ཐི་ལཱ་ཝེ་ཧྥུའུ་རུ་ཡོད་པའི་པིན་ཀུའུ་ལི་ཨན་གནམ་གྲུ་ཐང་དུ་འཕུར་མདའི་འཇབ་རྒོལ་བྱས་ཏེ། ཉིན་དེའི་སྔ་དྲོར་དབྱི་སི་རལ་གྱི་དམག་དཔུང་གིས་ཡེ་མིན་ནུབ་ཕྱོགས་ཀྱི་ཧི་ཐེ་ཏཱ་གྲུ་ཁར་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད་པ་ཡིན་ཟེར།
ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་རྩ་འཛུགས་དེས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཧུའུ་སེ་དྲག་ཆས་པའི་འཕུར་མདའི་དམག་དཔུང་གིས་པིན་ཀུའུ་ལི་ཨན་གནམ་གྲུ་ཐང་ལ་འཕུར་མདའ་གཉིས་གཏོང་འཕེན་བྱས་པ་དང་། དེ་ལས་འཕུར་མདའ་གཅིག་དབྱི་སི་རལ་གྱི་མཁའ་སྲུང་མ་ལག་གིས་འགོག་མ་ཐུབ་པར་དམིགས་འབེན་ལ་ཕོག་ཡོད་ཟེར།
སཱ་ལོས་ཡཱ་ཡིས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་སྔོན་དཔག་གི་དམིགས་འབེན་དུ་བསླེབས་ཡོད་པ་དང་། པིན་ཀུའུ་ལི་ཨན་གནམ་གྲུ་ཐང་གིས་གནམ་གྲུ་གཏོང་མཚམས་མི་འཇོག་ཐབས་མེད་བྱུང་ཡོད་ཟེར། ཁོས་ད་རུང་དབྱི་སི་རལ་བྱང་ངོས་ཀྱི་ཧེ་ཧྥ་གྲུ་ཁའི་མཉམ་ལས་ཡོད་པའི་ཁེ་ལས་དང་འབྲེལ་ཡོད་སྡེ་ཁག་ལ་ཉེན་བརྡ་བཏང་སྟེ། གྲུ་ཁ་དེ་ཧུའུ་སེ་དྲག་ཆས་པས་ཆམ་ཕབ་གཏོང་སའི་དམིགས་འབེན་གསལ་ཁྲའི་ནང་བཞག་ཡོད་པའི་ཚུལ་བསྟན།
གཞན་ཡང་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་སཱ་པཱ་འཕྲིན་གཏོང་ཁང་གིས་ཚེས10ཉིན་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པའི་ཆེས་མཐོའི་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མེད་ཧེ་ཏིས་མཱ་ཧྲ་ཐི་ཡིས་བསྟན་དོན། དབྱི་སི་རལ་གྱིས་ཡེ་མིན་དུ་བར་སྣང་འཇབ་རྒོལ་བྱས་པར་དམིགས་ནས། ཧུའུ་སེ་དྲག་ཆས་པས་ཕྱོགས་མང་བོ་ནས་རྒོལ་ལན་སྤྲད་ཡོད་ཟེར། ཁོས་བཤད་རྒྱུར། ཐི་ལཱ་ཝེ་ཧྥུའུ་དང་དེའི་ཉེ་འདབས་ཀྱི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་མང་བོ་བདེ་འཇགས་ས་ཁུལ་དུ་སྤོར་བའམ་ཡང་ན་སྒོ་བརྒྱབ་ནས་ཕྱིར་འཐེན་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཚོ་དམག་གི་འཕུར་མདའི་གྲུ་གཟིངས་ཀྱིས་ཉིན་དེའི་ཞོགས་པར་ཡེ་མིན་གྱི་ཧི་ཐེ་ཏཱ་གྲུ་ཁར་གནས་པའི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་འཇབ་རྒོལ་བྱས་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། གྲུ་ཁ་དེ་མཚོན་ཆ་བརྒྱུད་འདྲེན་བྱེད་པའི་ཐད་བཀོལ་བཞིན་ཡོད་ཅིང་། འདས་པའི་ལོ་གཅིག་གི་ནང་དབྱི་སི་རལ་གྱི་དམག་དཔུང་གི་ཆམ་ཕབ་ཐེབས་ཡོད་ཀྱང་། སྔར་བཞིན་འཇིགས་སྐུལ་རིང་ལུགས་ཀྱི་དམིགས་ཡུལ་དུ་བཀོལ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།