དཔལ་ཡོན་གྲོས་མོལ་རྒྱལ་སྤྱིའི་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། དཔལ་ཡོན་བརྗེ་རེས་དཔེར་ལེན་ཞེས་པའི་འཛམ་གླིང་ཡོངས་ཀྱི་གྲོས་མོལ་བྱ་འགུལ་རབ་དང་རིམ་པ་ཚེས9ཉིན་ཨ་མེ་རི་ཁའི་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས།
ཉིན་དེའི་ཕྱི་དྲོར་ཐོག་མར་སྤེལ་བ་ནི་ཀྲུང་གོ་དང་ཨེ་ཅིབ། ཕེ་རུ། སི་ཕེན། ཝུའུ་ཙི་པེ་ཁི་སི་ཐན་སོགས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་ཡོན་མནའ་འབྲེལ་གྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་དཔལ་ཡོན་གྲོས་མོལ་རྒྱལ་སྤྱིའི་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བརྗོད་དོན་གྲོས་མོལ་ཚོགས་འདུ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱེ་ཡིས་བརྙན་རིས་བརྒྱུད་དེ་ཞུ་ཚིག་ཕུལ་ནས་བསྟན་དོན། དཔལ་ཡོན་གྲོས་མོལ་ནི་ཞི་བདེ་ཡི་སྦྲེལ་ཐག་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས། མཛའ་མཐུན་གྱི་འབྲེལ་ཟམ་ལྟ་བུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དཔལ་ཡོན་དང་འདྲ་མཉམ་གྱི་སྲུང་སྐྱོབ་མཁན་དང་དཔལ་ཡོན་བརྗེ་རེས་ཀྱི་ལག་ལེན་མཁན། དཔལ་ཡོན་གོང་འཕེལ་གྱི་སྐུལ་འདེད་མཁན་བཅས་བྱེད་འདོད་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་འབུལ་སྐབས་བསྟན་དོན། གྲོས་མོལ་དེ་བཟོད་སྒོམ་དང་ཡིད་ཆེས་འཛུགས་པར་གལ་འགངས་ཧ་ཅང་ཆེ་བས། དཔལ་ཡོན་གྲོས་མོལ་རྒྱལ་སྤྱིའི་ཉིན་མོས་ང་ཚོས་འགུལ་སྐྱོད་སྤེལ་བ་དང་གཞན་གྱི་གྲོས་གཞིར་ཉན་པ། ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱེད་པ། འབྲེལ་བ་བཟང་བོ་འཛུགས་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར།
སྐབས་དོན་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥེ་ལེ་མིན་དབྱང་གིས་བརྙན་རིས་ཞུ་ཚིག་འབུལ་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་རྩ་དོན་བསྐྱར་སྒྲོག་བྱས་ཏེ། དཀྱེལ་ཡངས་དང་གྲོས་མོལ་ལ་སྐུལ་འདེད་བཏང་ནས་མི་ཚང་མར་སྔར་ལས་མཛེས་སྡུག་ལྡན་པའི་འཇིག་རྟེན་ཞིག་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་དཔལ་ཡོན་མནའ་འབྲེལ་གྱི་ཆེས་མཐོའི་འཐུས་མི་མའོ་ལཱ་ཏིས་ནོའུ་སི་ཡིས་ཞུ་ཚིག་འབུལ་སྐབས་ཀྲུང་གོས་བཏོན་པའི་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་ལ་གཟེངས་བསྟོད་བྱས་པ་དང་། ཀྲུང་གོས་དཔལ་ཡོན་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཐད་མགོ་ཁྲིད་ནུས་པ་འདོན་སྤེལ་དང་ཁས་ལེན་དམ་བཅའ་གང་ལེགས་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། གྲོས་མོལ་ནི་ནམ་ཡིན་ཡང་ཕྱོགས་མང་རིང་ལུགས་ཀྱི་སྲོག་ཤིང་ཡིན་པར་འགན་སྲུང་བྱེད་དགོས་པའི་ཚུལ་བསྟན།
གྲོས་མོལ་ཚོགས་འདུར་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཧྥུའུ་ཙུང་གིས་མགོ་འཛིན་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་འཐུས་མི། ཆེད་མཁས་པ་སོགས་མི200ལྷག་ཚོགས་འདུར་ཞུགས། རྒྱལ་ཁབ་སོ་སོའི་སྐུ་མགྲོན་དག་གིས་དཔལ་ཡོན་བརྗེ་རེས་དཔེར་ལེན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པའི་བརྗོད་སྙིང་ལ་དམིགས་ནས་བརྗེ་རེས་ཟབ་མོ་བྱས།
2024ལོའི་ཟླ6པར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཀྲུང་གོས་བཏོན་པའི་གྲོས་ཆོད་ལ་གཅིག་གྱུར་གྲོས་འཆམ་བྱུང་སྟེ། ལོ་རེའི་ཟླ6པའི་ཚེས10ཉིན་དེ་དཔལ་ཡོན་གྲོས་མོལ་རྒྱལ་སྤྱིའི་ཉིན་མོར་གཏན་འཁེལ་བྱས་པ་རེད།
ནེ་ལོ་པུ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་གཅོད་ཁང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཕཱ་རེ་སིའི་སྤྱི་ཁྱབ་པུའུ་ཡིས་ཟླ6པའི་ཚེས5ཉིན་སོ་སོར་དཔལ་ཡོན་གྲོས་མོལ་རྒྱལ་སྤྱིའི་ཉིན་མོར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ།
སུའེ་ཙེར་གྱི་རི་ནེ་ཝ་དང་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ། ཐེ་གོའི་མན་ཀུའུ། ཧི་ལན་གྱི་ཧེ་ཡཱ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་སྡོད་ས་ཁུལ་དག་གིས་ཀྱང་དཔལ་ཡོན་གྲོས་མོལ་རྒྱལ་སྤྱིའི་ཉིན་མོའི་སྐབས་སུ་ངོ་མཚར་བའི་བརྗོད་དོན་བྱ་འགུལ་སྤེལ་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།