དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས10ཉིན་གྱི་ཞོགས་པར་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གིས་ཚེས15ཉིན་ཨ་མེ་རི་ཁ་དང་མཉམ་དུ་སྐོར་ཐེངས་རྗེས་མའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར།
དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། གྲོས་མོལ་གྱི་མཇུག་འབྲས་ལྟར་དུ། དབྱི་ལིང་དང་ཨ་མེ་རི་ཁའི་སྐོར་ཐེངས་རྗེས་མའི་བརྒྱུད་པའི་གྲོས་མོལ་དེ་ཚེས15ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་སྤེལ་རྒྱུ་ཡིན་ཟེར།
ཨ་མན་གྱི་བར་འདུམ་འོག ཨ་མེ་རི་ཁ་དང་དབྱི་ལིང་གིས་ད་ལོའི་ཟླ4བའི་ཚུན་ལ་བརྒྱུད་པའི་གྲོས་མོལ་ཐེངས་ལྔ་སྤེལ་བ་དང་གྲུབ་འབྲས་ངེས་ཅན་བླངས་ཡོད། ཡིན་ཡང་ཕྱོགས་གཉིས་བར་གནད་དོན་གཙོ་བོ་རེ་འགའི་ཐད་སྔར་བཞིན་འགལ་བ་གནས་ཡོད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གིས་རིམ་པ་མི་འདྲ་བའི་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་ཚང་མ་མཚམས་འཇོག་དགོས་པར་འདོད་པ་དང་། དབྱི་ལིང་ཕྱོགས་ཀྱིས་འོས་ཤིང་འཚམ་པའི་སྒོ་ནས་ཉིང་རྡུལ་ནུས་པའི་ཞིབ་འཇུག་བྱ་འགུལ་སྤེལ་བ་ནི་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་དབང་ཆའི་ཁག་ཅིག་ཡིན་པ་ནན་བཤད་བྱས་ཏེ། ཉིང་རྡུལ་ནུས་པའི་ཞིབ་འཇུག་མཚམས་འཇོག་པར་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།