ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེ་ཡི་མགོ་བ་ཉིག་སུན་དང་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པང་ཐཱ་གཉིས་ཀྱིས་ཚེས10ཉིན་ཁྲིམས་ཁང་ལ་གནས་སྐབས་ཀྱི་བཀག་འགོག་རེ་ཞུ་བཏོན་ནས། ཁྲིམས་ཁང་གིས་མྱུར་མོར་འགུལ་སྐྱོད་སྤེལ་ཏེ། ཐི་ལིང་ཕུའུ་སྲིད་གཞུང་གིས་ཨ་མེ་རི་ཁའི་དམག་དཔུང་དང་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་རྒྱལ་དམངས་ཉེན་ཟོན་རུ་ཁག་མངགས་ནས་མངའ་སྡེ་དེའི་སྡེ་ཁུལ་སོ་སོའི་སྐོར་གཡེང་དང་ཁྲིམས་བསྟར་བྱ་འགུལ་གཞན་པར་ཞུགས་པར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན།
ཤོག་ངོས་ཉེར་བརྒྱད་ཅན་གྱི་བཅའ་ཁྲིམས་ཡིག་ཆ་དེ་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་བྱང་ཁུལ་རྒྱལ་ཕྲན་མཉམ་འབྲེལ་གྱི་ས་ཁུལ་ཁྲིམས་ཁང་ལ་སྤྲད་པ་དང་། ཞུ་སྦྱོར་སྔ་མ་ནི་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་སྲིད་གཞུང་དང་མགོ་བ་ཉིག་སུན་ཡིན་པ་དང་། ཞུ་སྦྱོར་ཕྱི་མ་ནི་ཙུང་ཐུང་ཐི་ལིང་ཕུའུ་དང་རྒྱལ་སྲུང་བློན་ཆེན་ཧི་ཀི་སེ་སི། རྒྱལ་སྲུང་པུའུ་བཅས་ཡིན་པ་རེད།
ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གིས་ཚེས10ཉིན་གསར་འགྱུར་སྤེལ་ཏེ། ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་སྲིད་གཞུང་གིས་བལྟས་ན། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་མིག་སྔར་དམག་དཔུང་བཀོལ་བའི་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་པ་དང་། མངའ་སྡེའི་དབང་ཆར་གནོད་པ་ཚབས་ཆེན་ཐེབས་སྲིད་ལ། མངའ་སྡེའི་སྲིད་གཞུང་གིས་རྒྱལ་དམངས་ཉེན་ཟོན་རུ་ཁག་མངག་གཏོང་བྱེད་པའི་དབང་ཆ་འཕྲོག་ནས། གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་སྲིད་པ་ལས་དམངས་ཁྲོད་ཀྱི་ཟིང་ཆ་ཞི་འཇགས་སུ་གཏོང་བ་མ་ཡིན་ཟེར།
མངའ་སྡེའི་སྲིད་གཞུང་གིས་དེའི་དབང་གིས་ཁྲིམས་ཁང་གིས་མྱུར་མོར་ཐི་ལིང་ཕུའུ་སྲིད་གཞུང་གིས་བཀའ་རྒྱ་བཏང་ནས་དམག་དཔུང་དང་རྒྱལ་དམངས་ཉེན་ཟོན་རུ་ཁག་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་སྡེ་ཁུལ་གྱི་སྐོར་གཡེང་དང་ཁྲིམས་བསྟར་བྱ་འགུལ་གཞན་པར་ཞུགས་པར་བཀག་འགོག་བྱེད་དགོས་པའི་རེ་ཞུ་བྱས་པ་རེད།
ཉིག་སུན་གྱིས་བསྟན་དོན། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་དམག་དཔུང་བཀོལ་ནས་ཨ་མེ་རི་ཁའི་སྤྱི་དམངས་ལ་ངོ་ཡ་བྱེད་བཞིན་ཡོད་པ་དང་། སྦྱོང་བརྡར་ཐོབ་པའི་འཐབ་མོ་བ་དག་སྲང་ལམ་དུ་མངག་པ་ནི་སྔར་མེད་ཀྱི་དོན་ཞིག་ཡིན་པས། ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་སྲིད་གཞུང་གིས་ཁྲིམས་ཁང་གིས་མྱུར་མོར་ཁྲིམས་འགལ་བྱ་སྤྱོད་དེར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན་པ་ཡིན་ཟེར།
ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་སྲིད་གཞུང་གིས་ཚེས9ཉིན་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། ཁྲིམས་ཁང་གིས་ཐི་ལིང་ཕུའུ་ཡིས་ཚེས7ཉིན་སྤེལ་བའི་ཙུང་ཐུང་གི་བཟོད་སྒོམ་བརྗེད་ཐོ་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་དེར་བསྟུན་ནས་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་རྒྱལ་དམངས་ཉེན་ཟོན་རུ་ཁག་ལོ་ཧྲན་ཅི་ས་ཁུལ་སོགས་སུ་བཅའ་སྡོད་བྱེད་པའི་བཀའ་རྒྱ་བཏང་བ་དེ་ཁྲིམས་འགལ་ཡིན་པར་སྐྱོན་འཛུགས་བྱས་པར་མ་ཟད། ཁྲིམས་ཁང་གིས་འབྲེལ་ཡོད་བཀའ་རྒྱ་རྩིས་མེད་དུ་གཏོང་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།