ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་ཀྲི་པུའུ་ལོ་ཐའོ་གནད་དོན་གྱི་མ་འོངས་པའི་གྲོས་མཐུན་སྐོར་གྱི་ནང་དོན་གཙོ་བོར་གྲོས་མཐུན་བཀོད།
2025.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་ཚེས11ཉིན་ཀྲི་པུའུ་ལོ་ཐའོ་གནད་དོན་གྱི་མ་འོངས་པའི་གྲོས་མཐུན་སྐོར་གྱི་ནང་དོན་གཙོ་བོར་གྲོས་མཐུན་བཀོད་པ་དང་། རྒྱལ་མཚམས་ཀྱི་བཀག་རྒྱ་མེད་པར་བཏང་ནས་ས་ཁུལ་གྱི་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་འཐད་པ་བྱུང་།

ཡོ་རོབ་གླིང་མནའ་འབྲེལ་གྱིས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་དང་དཔལ་འབྱོར་བདེ་འཇགས་སོགས་ཀྱི་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་ཞེ་ཧྥུའུ་ཆའོ་ཝེ་ཆི་དང་སི་ཕེན་གྱི་ཕྱི་འབྲེལ་བློན་ཆེན་ཨ་ཨར་ཝ་ལོས་སི། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ལཱ་མུས། དེ་མིན་ཀྲི་པུའུ་ལོ་ཐའོ་ཡི་དབུ་བཞུགས་བློན་ཆེན་ཕིས་ཁཱ་ཏའོ་བཅས་ཀྱིས་ཉིན་དེར་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་གྲོས་མོལ་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་ཀྲི་པུའུ་ལོ་ཐའོ་གནད་དོན་གྱི་མ་འོངས་པའི་གྲོས་མཐུན་དང་འབྲེལ་བའི་ནང་དོན་གཙོ་བོར་གྲོས་མཐུན་བཀོད།

གསལ་སྒྲོག་ལས་བཤད་རྒྱུར། ས་ཁུལ་གྱི་མ་འོངས་པའི་དར་རྒྱས་ལ་འགན་སྲུང་བྱེད་ཆེད། ཧྲིན་ཀིན་ས་ཁུལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱོགས་གཅིག་ཚོང་ར། སྒོ་ཁྲལ་མནའ་མཐུན་བཅས་ལ་སྲུང་སྐྱོབ་བྱེད་པའི་ཞོར་དུ་སི་ཕེན་དང་ཀྲི་པུའུ་ལོ་ཐའོ་བར་གྱི་མི་སྣ་དང་དངོས་པོའི་རྒྱུ་འབྲེལ་གྱི་ཚོགས་པའི་བཀག་རྒྱ་དང་ཞིབ་བཤེར། དོ་དམ་བྱེད་ཐབས་བཅས་རྩིས་མེད་དུ་གཏོང་རྒྱུ་ཡིན་པ་དང་། དེའི་ནང་མི་སྣའི་འགྲོ་འོང་ཐད་ནས་ཕྱོགས་གཉིས་ཀྱིས་ཀྲི་པུའུ་ལོ་ཐའོ་གྲུ་ཁ་དང་གནམ་གྲུ་ཐང་ནས་ཀྲི་པུའུ་ལོ་ཐའོ་དང་ཧྲིན་ཀིན་ས་ཁུལ་གཉིས་ཀྱི་བར་མཐའ་མཚམས་ཟུང་ལྡན་བཙུགས་ནས་དོ་དམ་ཚོད་འཛིན་བྱེད་རྒྱུ་མ་ཟད། ཀྲི་པུའུ་ལོ་ཐའོ་དང་སི་ཕེན་གྱི་ལཱ་ལེ་ནེ་ཨ་རྒྱུ་ལམ་སྟེང་གི་འགྲོ་འོང་མི་སྣའི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་རྒྱུ་ཡིན་ལ། དངོས་ཟོང་ཐད་ནས་ཕྱོགས་གཉིས་ཀྱིས་མ་འོངས་པའི་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲི་པུའུ་ལོ་ཐའོ་ཡིས་སྒོ་ཁྲལ་མནའ་མཐུན་འཛུགས་པའི་གཞི་རྩའི་རྩ་དོན་ཐད་ནས་གྲོས་མཐུན་བཀོད་པ་དང་། རང་རང་གི་སྒོ་ཁྲལ་དབང་འཛིན་ལས་ཁུངས་བར་གྱི་མཉམ་ལས་ཟབ་མོ་སྲུང་འཛིན་བྱས་ཏེ། དངོས་ཟོང་གི་བཀག་སྡོམི་མེད་པར་གཏོང་རྒྱུ་རེད།

སི་ཕེན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། གྲོས་མཐུན་དེས་སྤྱི་དམངས་ལ་ཕན་བདེ་བསྐྲུན་པ་དང་། ང་ཚོ་དང་དབྱིན་ཇི་བར་གྱི་ཕྱོགས་གཉིས་འབྲེལ་བ་སྲ་བརྟན་དུ་གཏོང་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།