ས་དེའི་ཟླ6པའི་ཚེས9ཉིན་ནས་ཚེས10ཉིན་བར། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གི་ཀྲུང་གོའི་ཕྱོགས་ཀྱི་སྣེ་ཁྲིད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལི་ཧྥུན་དང་ཨ་མེ་རི་ཁའི་སྣེ་ཁྲིད་པ། ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་པེ་སུན་ཐི་དང་ཚོང་དོན་བློན་ཆེན་ལུའུ་ཐི་ནེ་ཁི། ཉོ་ཚོང་འཐུས་མི་ཀི་ལི་ཨར་བཅས་ཀྱིས་དབྱིན་ཇིའི་ལོན་ཏོན་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ཐོག་མ་སྤེལ། ཕྱོགས་གཉིས་ཀྱིས་ལྷག་བསམ་རྣམ་དག་དང་གཏིང་ཟབ་པའི་སྒོ་ནས་གྲོས་མོལ་བྱས་པ་དང་། རང་རང་གིས་སེམས་ཁུར་བྱེད་པའི་དཔལ་འབྱོར་ཉོ་ཚོང་གི་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཟླ6པའི་ཚེས5ཉིན་ཁ་པར་གྲོས་མོལ་བྱེད་སྐབས་ཀྱི་ཐུན་མོང་ངོས་ཟིན་གལ་ཆེན་དངོས་འབེབས་བྱེད་པ་དང་། རི་ནེ་ཝའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་སྒྲོམ་གཞིར་རྩ་བའི་ཐོག་ནས་གྲོས་འཆམ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་སེམས་ཁུར་ཐག་གཅོད་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད།
ཧི་ལི་ཧྥུན་གྱིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་ལོའི་ཟླ6པའི་ཚེས5ཉིན་གྱི་འཐབ་ཇུས་ཐུན་མོང་ངོས་ཟིན་གྱི་ཁྲིད་སྟོན་འོག་སྤེལ་བའི་གྲོས་མོལ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་ཀྱི་རྣམ་འགྱུར་དང་ལངས་ཕྱོགས་དེ་ནམ་རྒྱུན་གསལ་བོ་འགྱུར་མེད་ཡིན། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་ཡིན་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁས་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ནས་མཉམ་ལས་བྱས་ནས་ཕྱོགས་གཉི་གར་ཕན་པ་དང་འཐབ་ན་ཕྱོགས་གཉི་གར་གནོད་པ་ཡིན། ཉོ་ཚོང་གི་འགལ་བའི་ཁྲོད་རྒྱལ་ཁ་ལོན་མཁན་མེད་པས། ཀྲུང་གོ་ཕྱོགས་ཀྱིས་འགལ་བ་བཟོ་འདོད་མེད་ཀྱང་དེར་སྐྲག་པ་གཏན་ནས་མིན། ཕྱོགས་གཉིས་ཀྱིས་འདྲ་མཉམ་གྲོས་མོལ་དང་གཉིས་ཕན་མཉམ་ལས་ལ་བརྟེན་ནས་དཔལ་འབྱོར་ཉོ་ཚོང་གི་འགལ་བ་ཐག་གཅོད་བྱེད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ལ་ལྷག་བསམ་རྣམ་དག་བཅངས་ཡོད་ཀྱང་དེར་རྩ་དོན་ངེས་ཅན་ཡོད། གོ་རིམ་རྗེས་མར་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཁ་པར་གྲོས་མོལ་བྱེད་སྐབས་བཀོད་པའི་ཐུན་མོང་ལྟ་ཚུལ་དང་རེ་བ་གཞིར་བཟུང་ཞིང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱུན་ཆད་མེད་པར་ཐུན་མོང་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་དང་འགལ་བ་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བསྐྱར་སྒྲོག་བྱས་དོན། ཕྱོགས་གཉིས་ཀྱིས་དམ་བཅའ་བརྩི་སྲུང་བྱེད་པའི་ལྷག་བསམ་སྙིང་སྟོབས་དང་ཟོལ་མེད་ཀྱིས་ཐུན་མོང་ལྟ་ཚུལ་ལག་བསྟར་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས། མཉམ་དུ་ཐོབ་པར་དཀའ་བའི་གྲོས་མོལ་གྲུབ་འབྲས་དེར་སྲུང་སྐྱོབ་བྱེད་པ་དང་། མུ་མཐུད་དུ་འབྲེལ་འདྲིས་དང་གྲོས་མོལ་སྲུང་འཛིན་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཡུན་རིང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་ནས། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་གཏན་འཇགས་རང་བཞིན་དང་ངེས་ཅན་རང་བཞིན་ཁ་སྣོན་བྱེད་དགོས་ཟེར།
ཨ་མེ་རི་ཁ་ཕྱོགས་ཀྱིས་བསྟན་དོན། ཐེངས་འདིའ་གྲོས་ཚོགས་ལ་གྲུབ་འབྲས་བཟང་བོ་ཐོབ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་ཇེ་བརྟན་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཁ་པར་གྲོས་མོལ་གྱི་རེ་བ་གཞིར་བཟུང་ཞིང་། ཀྲུང་གོ་ཕྱོགས་ཀྱིས་འདོད་ཚུལ་དང་བསྟུན་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་ཐུན་མོང་ངོས་ཟིན་མཉམ་དུ་དངོས་འབེབས་གང་ལེགས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།