ཝུའུ་ཙི་པེ་ཁི་སི་ཐན་དང་ཨུ་རུ་སིའི་སྲིད་འཛིན་གྱིས་ཁ་པར་བརྒྱུད་དེ་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས།
2025.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་འཛིན་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཚེས11ཉིན་ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཁ་པར་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་མཉམ་ལས་སོགས་ལ་ཤུགས་སྣོན་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཝུའུ་ཙི་པེ་ཁི་སི་ཐན་གྱི་སྲིད་འཛིན་དྲ་ཚིགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱེད་སྐབས་གཙོ་བོ་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ་སོགས་གྲོས་གཞིར་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་གྲོས་མོལ་གྲུབ་འབྲས་དངོས་འབེབས་བྱེད་པ་དང་ཁྱབ་ཁོངས་མང་བོའི་མཉམ་ལས་རྒྱ་བསྐྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མཐུན་སྦྱོར་བྱེད་ཐབས་སྤྱད་དེ། ཕྱོགས་གཉིས་ཀྱི་ཉོ་ཚོང་གི་འཕེལ་ཕྱོགས་བཟང་བོ་སྲུང་འཛིན་དང་བཟོ་ལས་མཉམ་ལས་ཀྱི་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ས་ཁུལ་སོ་སོའི་བར་གྱི་བརྗེ་རེས་དང་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། དེ་ལས་གཞན་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་དུས་བཅད་ལྟར་སྤེལ་བའི་ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་བྱ་འགུལ་ལ་ཡིད་ཚིམས་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།