ཕུའུ་ཅིན་གྱིས་ཆེས་དེང་རབས་ཅན་གྱི་མཚོན་ཆའི་མ་ལག་གསར་བསྐྲུན་བྱེད་དགོས་པའི་རེ་བ་བཏོན།
2025.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས11ཉིན་བསྟན་དོན། ཨུ་རུ་སི་ཡིས་ཆེས་དེང་རབས་ཅན་གྱི་མཚོན་ཆའི་མ་ལག་གསར་བསྐྲུན་བྱེད་དགོས་ཟེར།

ཨུ་རུ་སིའི་སྲིད་འཛིན་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ2027ལོ་ནས2036ལོའི་བར་གྱི་རྒྱལ་ཁབ་དམག་ཆས་འཆར་གཞིའི་འཆར་ཟིན་ལ་གྲོས་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་དམག་ཆས་འཆར་གཞི་གསར་བས་ངེས་པར་དུ་ཆེས་དེང་རབས་ཅན་གྱི་མཚོན་ཆའི་མ་ལག་ཞིབ་འཇུག་གསར་བསྐྲུན་བྱེད་པ་གཙོ་གནད་དུ་འཛིན་དགོས་པ་དང་། དེའི་ཞོར་དུ་ངེས་པར་དུ་དགོས་མཁོར་བསམ་བློ་བཏང་སྟེ། མཚོན་ཆའི་མ་ལག་གསར་བ་བཀོད་སྒྲིག་བྱེད་ཆེད་རྟེན་གཞི་དང་དམག་ཆས་མཛོད་ཁང་། གནམ་གྲུ་ཐང་སོགས་འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་དགོས་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཚད་ཆེན་པོའི་སྒོ་ནས་དམིགས་བསལ་དམག་དོན་འགུལ་སྐྱོད་དང་ས་ཁུལ་སོ་སོའི་འཁྲུག་རྩོད་ཀྱི་ཉམས་མྱོང་བེད་སྤྱད་ཅིང་། འཛམ་གླིང་ཡོངས་ཀྱི་དམག་དོན་ལག་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་བསམ་བློ་བཏང་ནས། རྒྱལ་ཁབ་ཀྱི་དམག་ཆས་འཆར་གཞིར་ངེས་པར་དུ་ཁ་གྲངས་དང་རིགས་སྣ་འདང་ཚིམས་པ་ཡོད་པའི་མཚོན་ཆ་དང་སྒྲིག་ཆས་འདུས་ནས། ང་ཚོའི་མིག་སྔར་དང་མ་འོངས་པའི་དགོས་མཁོ་བསྐང་དགོས་ཟེར།

ཕུའུ་ཅིན་གྱིས་བསྟན་དོན། གནས་གསུམ་གཞི་གཅིག་ཅན་གྱི་ཉིང་རྡུལ་ནུས་པའི་སྟོབས་ཤུགས་དེ་སྔོན་ཆད་དང་ད་ལྟ་གང་ཡིན་ཡང་ཨུ་རུ་སིའི་བདག་དབང་གི་འགན་སྲུང་ཡིན་པར་མ་ཟད། འཛམ་གླིང་ཡོངས་ཀྱི་སྟོབས་ཤུགས་དོ་མཉམ་ཡོང་བར་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སིའི་འཐབ་ཇུས་ཉིང་རྡུལ་ནུས་པའི་སྟོབས་ཤུགས་ཁྲོད་དེང་རབས་ཅན་གྱི་མཚོན་ཆ་དང་སྒྲིག་ཆས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་ལྔར་བསླེབས་ཡོད་ལ། དེ་ནི་དམིགས་ཚད་ཧ་ཅང་བཟང་བོ་ཞིག་རེད་ཟེར།

ཕུའུ་ཅིན་གྱིས་ད་རུང་ཨུ་རུ་སི་རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་མཚོན་ཆ་དང་སྒྲིག་ཆས་ཀྱི་ཕྱིར་གཏོང་སྦས་ཤུགས་མཐོར་འདེགས་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཁྱད་པར་དུ་ཚད་དྲག་པའི་དངོས་འཐབ་ཁྲོད་དེའི་བློ་གཏད་རང་བཞིན་དང་ཕན་ནུས་རང་བཞིན་ལ་ཞིབ་བཤེར་ར་སྤྲོད་ཐོབ་ཡོད་ཟེར།

དེ་ལས་གཞན་ཕུའུ་ཅིན་གྱིས་ད་རུང་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག ཨུ་རུ་སིའི་དམག་དོན་བཟོ་ལས་ཁེ་ལས་ཀྱི་ཐོན་ཚད་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་པ་དང་། ངེས་པར་དུ་སྦས་ཤུགས་དེ་ལུགས་མཐུན་གྱིས་བེད་སྤྱོད་བྱས་ཤིང་། ཡུན་རིང་གི་ཐོན་སྐྱེད་འཆར་འགོད་ལ་དམིགས་ནས་དགོས་གལ་ཆེ་བའི་སྐབས་སུ་ཁེ་ལས་ཀྱིས་ཇི་ལྟར་དམངས་བཀོལ་ཐོན་རྫས་ཐོན་སྐྱེད་བྱེད་པར་བསམ་བློ་གཏོང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།