ཧན་གོ་དང་ཡོ་ནན་གྱི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱས་ཏེ་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།
2025.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧན་གོའི་གསར་དུ་འགན་ཁུར་བའི་སྲིད་འཛིན་ལིས་ཙེ་མེན་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལིང་ཆང་གཉིས་ཀྱིས་ཚེས12ཉིན་ཁར་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་མྱུར་བགྲོད་ལྕགས་ལམ་དང་ཉིང་རྡུལ་ནུས་པའི་གློག་ཤུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཧན་གོའི་སྲིད་འཛིན་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་སྐར་མ25རིང་ཁ་པར་གྲོས་མོལ་བྱས་པ་དང་། ལིས་ཙེ་མེན་གྱིས་ཁ་པར་གཏོང་སྐབས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཧན་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རེ་བ་ཡོད་པ་དང་། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་སོགས་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་འབྲེལ་འདྲིས་བྱེད་རྒྱུའི་རེ་བ་བཏོན། ཕྱོགས་གཉིས་ཀྱིས་ད་རུང་མྱུར་བགྲོད་ལྕགས་ལམ་དང་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ཐག་བཅད།

ཡོ་ནན་འཕྲིན་གཏོང་ཁང་གིས་ཚེས12ཉིན་བསྒྲགས་པ་ལྟར་ན། ལིང་ཆང་གིས་ཉིན་དེར་ལིས་ཙེ་མེན་དང་ཁ་པར་གྲོས་མོལ་བྱེད་སྐབས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་བཞིན་ཡོད་ཟེར། ཕྱོགས་གཉིས་ཀྱིས་ད་རུང་འགོག་སྲུང་དང་རྒྱལ་ཁོངས་བརྒལ་བའི་ནག་ཉེས་སྔོན་འགོག་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་འཐད་པ་བྱུང་བར་མ་ཟད། ཚན་རྩལ་གསར་གཏོད་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་ཤིང་གཙོ་བོར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།