རྒྱ་གར་སི་ཐན་སྐབས་དོན་ཚགས་པར་གྱིས་ཚེས13ཉིན་བསྒྲགས་པ་ལྟར་ན། ཚེས12ཉིན་རྒྱ་གར་གྱི་ཀུའུ་ཅི་ལཱ་ཐི་མངའ་སྡེའི་ཨེ་ཧཱ་མེད་ཏཱ་པཱ་ཏི་གནམ་གྲུ་ཐང་གི་ཉེ་འདབས་སུ་བྱུང་བའི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལས་ཉུང་མཐར་ཡང་མི265རྐྱེན་ལམ་དུ་ཤོར་ཟེར།
ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ང་ཚོར་འབྱོར་བའི་གནས་ཚུལ་ལྟར་ན། བེམ་པོ265སྨན་ཁང་དུ་བསྐྱལ་ཡོད་ཟེར། བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་གནས་དེ་མི་མང་བོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་པ་དང་། འདས་པོའི་གྲས་སུ་ས་ངོས་ཀྱི་མི་སྣའང་འདུས་ཟེར།
ས་དེའི་ཚེས12ཉིན་གྱི་ཕྱི་དྲོར། རྒྱ་གར་ནས་དབྱིན་ཇི་ལ་འཕུར་བའི་རྒྱ་གར་མཁའ་འགྲུལ་ཀུང་ཟིའི་པའོ་ཡུན787-8རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨེ་ཧ་མེད་ཏཱ་པཱ་ཏི་གནམ་གྲུ་ཐང་ནས་འཕུར་རྗེས་ཅང་མ་འགོར་བར་སར་ལྷུང་བ་རེད། ཡུལ་དངོས་ཀྱི་བརྙན་རིས་ལས་མངོན་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་དེ་འཕུར་ནས་ཅང་མ་འགོར་བར་མྱུར་མོར་མར་ལྷུང་ནས་ཐོག་ཁང་ཞིག་ལ་ཐོ་བརྒྱབ་རྗེས་མེར་འབར་བ་དང་། གནམ་གྲུའི་ཆག་རོ་གང་སར་ལྷུང་ཡོད། རྒྱ་གར་མཁའ་འགྲུལ་ཀུང་ཟི་ཡིས་བཤད་རྒྱུར། གནམ་གྲུའི་སྟེང་དུ་འགྲུལ་བ230དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ12ཡོད་ཟེར།
རྒྱ་གར་མཁའ་འགྲུལ་ཀུང་ཟི་ཡིས་ཚེས13ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བདེན་དཔང་བྱས་དོན། གནམ་གྲུ་སར་ལྷུང་བའི་དོན་རྐྱེན་དེའི་ཁྲོད་གནམ་གྲུའི་སྟེང་གི་མི242ཁྲོད་ཀྱི་མི241རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་སྲོག་ཉེན་ལས་ཐར་ཡོད་ཟེར།
སྲོག་ཉེན་ལས་ཐར་བའི་མི་གཅིག་པོ་དེ་རྒྱ་གར་རྒྱུད་ཀྱི་དབྱིན་ཇིའི་སྤྱི་དམངས་ཤིག་ཡིན་པ་དང་། བྲང་ཁར་རྨས་ཕོག་ཡོད་པས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་རེད།
དེ་ལས་གཞན་རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུ་དེའི་མཇུག་གི་གཞི་གྲངས་སྒམ་རྙེད་ཡོད་པ་དང་། སྔོན་གྱི་གཞི་གྲངས་སྒམ་སྔོག་བཤེར་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།