མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཚེས13ཉིན་ཙན་ཏན་ཧྲ་ཐཱ་ཨར་སྐབས་གསར་བའི་ཙུང་ལིར་བསྐོ་འཇོག་བྱས།
ཉིན་དེའི་ཞོགས་པར། མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཁང་གི་ཀྲུའུ་ཞི་ཨ་མཱ་ཨར་པཱ་དབྱེ་སི་ཀི་ལིན་གྱིས་ཁྱབ་བསྒྲགས་བྱས་དོན། རྒྱལ་ཁབ་ཀྱི་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པའི་འཐུས་མིའི་ཁྲོད་བརྒྱ་ཆའི་གོ་གཉིས་དང་གྲངས་ཆུང་གསུམ་གྱི་འདེམ་ཤོག་ཙན་ཏན་ཧྲ་ཐཱ་ཨར་སྐབས་གསར་བའི་ཙུང་ལིར་བསྐོ་འཇོག་བྱེད་པར་ཡིད་འཐད་བྱུང་།
ཙན་ཏན་ཧྲ་ཐཱ་ཨར་གྱིས་དེའི་རྗེས་སུ་རྒྱལ་ཁབ་གྲོས་ཁང་ནས་སྲིད་སྐྱོང་བསམ་ཕྱོགས་མདོར་བསྡུས་མཚམས་སྦྱོར་བྱས། ཁོས་བསྟན་དོན། མོང་གོལ་སྲིད་གཞུང་གིས་ནོར་སྲིད་ཀྱི་འགྲོ་སོང་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། སྲིད་གཞུང་གསར་བས་ཐོག་མཐའ་བར་གསུམ་དུ་བྱ་བའི་ཞིབ་ཚགས་ལ་དོ་སྣང་བྱེད་རྒྱུ་ཡིན་ལ། སྟོང་གཏམ་མི་བཤད་པ་དང་བྱེད་ཐབས་ཡོད་པ། དངོས་ཡོད་ལ་གདོང་གཏོད་ཐུབ་པའི་སྲིད་གཞུང་ཞིག་ཏུ་འགྱུར་ངེས་ཡིན་ཟེར།
མོང་གོལ་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་ཙུང་ལི་ཨོ་ཡུན་ཨིག་ཨར་ཏིན་གྱིས་ཟླ5བའི་ཚེས28ཉིན་རྒྱལ་ཁབ་ཀྱི་གྲོས་ཁང་ལ་ཙུང་ལིའི་ཡིད་རྟོན་ལ་འདེམ་ཤོག་འཕེན་པའི་ཆོད་དོན་འཆར་ཟིན་སྤྲད། ཟླ6པའི་ཚེས3ཉིན་རྒྱལ་ཁབ་གྲོས་ཁང་གིས་ཙུང་ལིའི་ཡིད་རྟོན་ལ་འདེམ་ཤོག་འཕེན་པའི་གྲོས་ཆོད་འཆར་ཟིན་ལ་གྲོས་མཐུན་མ་བཀོད་པས་ཨོ་ཡུན་ཨིག་ཨར་ཏིན་གྱིས་ལས་ཁུར་དགོངས་ཞུ་བྱས་པར་བསམ་ཡོད། སྲིད་འཛིན་པའི་མོང་གོལ་མི་དམངས་ཏང་གིས་ཚེས9ཉིན་ཙན་ཏན་ཧྲ་ཐཱ་ཨར་ཙུང་ལི་གསར་བར་མིང་འདོན་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།