ཐི་ལིང་ཕུའུ་ཡིས་གྲོས་ཆོད་བཀོད་དེ་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེ་ཡིས་འབར་སྣུམ་ཅན་གྱི་རླངས་འཁོར་གསར་བའི་ཕྱིར་འཚོང་གཏན་འགོག་བྱེད་པའི་འཆར་གཞིར་བཀག་འགོག་བྱས།
2025.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས12ཉིན་ཕོ་བྲང་དཀར་པོ་ནས་གྲོས་ཆོད་བཀོད་དེ། ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེ་ཡིས་ཨ་མེ་རི་ཁ་རྒྱལ་ཡོངས་ནས་སྔོན་ལ2035ལོའི་སྔོན་ལ་འབར་སྣུམ་ཅན་གྱི་རླངས་འཁོར་གསར་བའི་ཕྱིར་འཚོང་གཏན་འགོག་བྱེད་པའི་འཆར་གཞི་ལག་བསྟར་བྱེད་པར་བཀག་འགོག་བྱས།

ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་མགོ་བ་ཉིག་སུན་གྱིས2020ལོར་སྲིད་འཛིན་བཀའ་རྒྱ་བཀོད་དེ། 2035ལོའི་སྔོན་ལ་མངའ་སྡེའི་མངའ་ཁོངས་སུ་འབར་སྣུམ་ཅན་གྱི་རླངས་འཁོར་གསར་བའི་ཕྱིར་འཚོང་གཏན་འགོག་བྱེད་དགོས་པའི་རེ་བ་བཏོན། ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེ་ཡིས2035ལོའི་བར་ཉུང་མཐར་ཡང་བརྒྱ་ཆའི་བརྒྱད་ཅུའི་ཕྱིར་འཚོང་རླངས་འཁོར་གསར་བ་དེ་གློག་སྒུལ་རླངས་འཁོར་ཡིན་པ་དང་། གློག་གསོག་ཅན་གྱི་འདྲེས་སྦྱོར་སྒུལ་ཤུགས་ཅན་གྱི་རླངས་འཁོར་གྱི་བསྡུར་ཚད་བརྒྱ་ཆའི་ཉི་ཤུར་བསླེབས་པར་བྱེད་རྒྱུའི་འཆར་གཞི་ཡོད། འཆར་གཞི་དེས་ཀྱང་ཨ་མེ་རི་ཁའི་མངའ་སྡེ་གཞན་པ11གིས་དང་ལེན་བྱས་ཡོད་པ་དང་། དེའི་ལག་བསྟར་ཁྱབ་ཁོངས་ཀྱིས་ཨ་མེ་རི་ཁའི་རླངས་འཁོར་ཚོང་རའི་སུམ་ཆའི་གཅིག་ཟིན་ཡོད།

ཐི་ལིང་ཕུའུ་ཡིས་ད་རུང་གྲོས་ཆོད་གཞན་པ་བཀོད་ནས། ཨ་མེ་རི་ཁའི་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡིས2023ལོར་ཆོག་མཆན་བཀོད་པའི་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་དྲོད་རླངས་ཕྱིར་གཏོང་གི་ཚད་དམའ་བའི་དངོས་སྐྱེལ་རླངས་འཁོར་ཆེ་གྲས་ཇེ་མང་དུ་གཏོང་བའི་འཆར་གཞི་རྩིས་མེད་དུ་བཏང་བ་དང་། ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་དངོས་སྐྱེལ་རླངས་འཁོར་ཆེ་གྲས་དང་སྒུལ་འཁོར་ལ་དམིགས་ཏེ་ལག་བསྟར་བྱས་པའི་ཐཱན་ཉུང་དབྱང་འགྱུར་རྫས་ཀྱི་ཕྱིར་གཏོང་ཚད་གཞི་མེད་པར་བཏང་།

ཕིན་པའོ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། རླངས་འཁོར་བཟོ་སྐྲུན་ཚོང་བ་དང་རྡོ་སྣུམ་ཀུང་ཟིས་བལྟས་ན་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་དམིགས་འབེན་དེ་མངོན་འགྱུར་བྱེད་ཐབས་མེད་པར་འདོད་ཡོད་ལ། ཐི་ལིང་ཕུའུ་ཡིས་བཀོད་པའི་གྲོས་ཆོད་དེ་ཁོ་ཚོར་མཚོན་ན་འདོད་ཐོག་ལ་རྟ་རྒྱུག་པ་ལྟ་བུ་རེད།

བསྒྲགས་པ་ལྟར་ན། ཆོད་དོན་དེ་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་སྲིད་གཞུང་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་ཁག་ལ་མཚོན་ན་ཆམ་ཕབ་དྲག་པོ་ཞིག་ཡིན་པ་དང་། ཁོ་ཚོས་བལྟས་ནས་ཅཱ་ལེ་ཧྥུའུ་ནེ་ཡཱ་མངའ་སྡེའི་ཁྲིམས་སྲོལ་དེ་རླངས་འཁོར་དག་གཙང་ཅན་དང་སྦགས་བཙོག་ཇེ་ཉུང་དུ་གཏོང་བར་གལ་འགངས་ཧ་ཅང་ཆེ་བར་འདོད་ཡོད།

ཉིག་སུན་གྱིས་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་རྒྱལ་ཚོགས་ཀྱི་བྱེད་ཐབས་དེ་དག་ཁྲིམས་འགལ་ཡིན་པར་འདོད་པར་མ་ཟད། ཁྲིམས་ཁང་ནས་ཞུ་གཏུག་བྱེད་རྒྱུའི་དམ་བཅའ་བཞག་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།