དབྱི་ལིང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་དང་འབྲེལ་བའི་གྲོས་ཆོད་ནང་ཉིང་རྡུལ་ནུས་པའི་སྒྲིག་ཆས་གསར་འཛུགས་བྱེད་པའི་ལན་བྱིན་པར་རྒོལ་གཏམ་བཏང་།
2025.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཚེས12ཉིན་དབྱི་ལིང་དང་འབྲེལ་བའི་གྲོས་ཆོད་བཀོད་པར་དམིགས་ནས། དབྱི་ལིང་གི་ཕྱི་འབྲེལ་པུའུ་དང་དབྱི་ལིང་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱིས་ཚེས12ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། གྲོས་ཆོད་དེ་བཀོད་པ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཡིན་པ་དང་། ལག་རྩལ་དང་བཅའ་ཁྲིམས་ཀྱི་རྨང་གཞི་མེད་པར་རྒོལ་གཏམ་བཏང་།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས12ཉིན་གྲོས་ཆོད་བཀོད་དེ། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གི་འོས་འགན་དང་འགལ་བའི་བྱ་སྤྱོད་སྤེལ་ཡོད་ཟེར།

དོན་དེའི་ཐད་ནས་དབྱི་ལིང་ཕྱོགས་ཀྱིས་གསལ་སྒྲོག་ནང་བཤད་རྒྱུར། བྱ་སྤྱོད་དེ་ལས་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་པའི་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་ཀྱི་ཚད་གཞི་ཟུང་ལྡན་གསལ་རྗེན་དུ་མངོན་པར་བྱས་ཡོད་པ་དང་། དབྱི་སི་རལ་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་ནང་ཞུགས་པར་ཁས་ལེན་མ་བྱས་པར་ཉིང་རྡུལ་མཚོན་ཆ་དང་བཅས་པའི་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་འཕེལ་རྒྱས་སུ་བཏང་བར་ཁ་ཡ་མི་བྱེད་པ་དང་། དབྱི་སི་རལ་གྱིས་ཆིངས་ཡིག་བཀོད་པའི་རྒྱལ་ཁབ་ཀྱི་ཞི་བདེའི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ལ་འཇིགས་ཉེན་འཇབ་རྒོལ་བཟོས་པ་སྣང་མེད་དུ་བཞག་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། བྱ་སྤྱོད་དེས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་མཚན་སྙན་ལ་གནོད་པ་བཟོས་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་ལས་ཁུངས་དེའི་ཆབ་སྲིད་ཅན་གྱི་ངོ་བོ་གསལ་རྗེན་དུ་མངོན་པར་བྱས་ཡོད་ཟེར།

གསལ་སྒྲོག་ལས་བསྐྱར་སྒྲོག་བྱས་དོན། དབྱི་ལིང་གིས་ཐོག་མཐའ་བར་གསུམ་དུ་འགན་སྲུང་ལྟ་རྟོག་འོས་འགན་བརྩི་སྲུང་བྱེད་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྐབས་རིམ་པའི་སྙན་ཞུ་ལས་དབྱི་ལིང་ཆིངས་ཡིག་དང་འགལ་ཡོད་པའམ་ཉིང་རྡུལ་ནུས་པའི་རྒྱུ་ཆའམ་བྱ་འགུལ་ཡོད་པའི་སྐྱོན་འཛུགས་ཅི་ཡང་ཐེབས་མེད་ཟེར།

གསལ་སྒྲོག་ལས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་ལ་ཆབ་སྲིད་གཉའ་གནོན་བྱས་པར་རྒོལ་གཏམ་བཏང་བ་དང་། དེ་ལས་དབྱི་ལིང་གིས་མཉམ་ལས་སྲིད་ཇུས་ལས་དེ་ལས་ལྷག་པའི་ནུས་པ་ཐོན་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད། སྔོན་ལ་ཉེན་བརྡ་བཏང་བ་བཞིན། དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱི་ཀྲུའུ་ཞི་ཡིས་བཀའ་རྒྱ་བཏང་སྟེ། བདེ་འཇགས་ཀྱི་གནས་སུ་ཉིང་རྡུལ་ནུས་པའི་སྒྲིག་ཆས་གསར་འཛུགས་བྱེད་རྒྱུ་མ་ཟད། རབས་དྲུག་པའི་སྔོན་ཐོན་གྱི་སྒྲིག་ཆས་བཀོལ་ནས་ཧྥུའུ་ཨར་ཏའོ་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་ཚབ་བྱེད་དགོས་པའི་རེ་བ་བཏོན་ཡོད། རྗེས་མཐུད་དུ་ད་རུང་བྱེད་ཐབས་གཞན་པ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།