ཕཱ་ལེ་སི་ཐན་གློག་འཕྲིན་ལྟ་རྟོག་དོ་དམ་སྡེ་ཁག་གིས་ཚེས12ཉིན་གསལ་སྒྲོག་སྤེལ་ཏེ། ཆེས་མཇུག་མཐའི་སྐུད་ལམ་གཙོ་བོར་དབྱི་སི་རལ་གྱི་དམག་དཔུང་གི་གཏོར་བརླག་ཐེབས་རྗེས། ཅཱ་ཧྲ་ས་ཁུལ་གྱི་དྲ་རྒྱ་དང་ཁ་པར་གྱི་འཕྲིན་གཏོང་ཞབས་ཞུ་ཚང་མ་མཚམས་ཆད་ཡོད་ཟེར།
ཕཱལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས12ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། འཕྲིན་གཏོང་གི་རྨང་གཞིའི་སྒྲིག་ཆས་ལ་མ་ལག་རང་བཞིན་ལྡན་པའི་གཏོར་བརླག་ཐེབས་པའི་དབང་གིས་ཅཱ་ཧྲ་ས་ཁུལ་གྱི་ལོགས་བཀར་གྱི་སྣང་ཚུལ་སྔར་ལས་ཇེ་སྡུག་རེད། དབྱི་སི་རལ་གྱིས་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་ཆས་ལ་དམིགས་པའི་འཇིགས་ཉེན་རིམ་པ་ཇེ་མཐོར་བཏང་བས། ཅཱ་ཧྲ་ས་ཁུལ་དེ་ཕྱི་ཕྱོགས་འཇིག་རྟེན་ལས་ལོགས་སུ་བཀར་ཡོད་པར་མ་ཟད། མང་ཚོགས་ལ་རྒུད་སྐྱོབ་དང་སྨན་བཅོས། སྨྱན་བྱད། སློབ་གསོ་སོགས་གལ་འགངས་ཆེ་བའི་རྨང་གཞིའི་ཞབས་ཞུ་ཐོབ་པར་བཀག་འགོག་བྱས་ཡོད།
གསལ་སྒྲོག་ལས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱིས་ལག་རྩལ་མི་སྣས་གཏོར་བརླག་ཐེབས་པའི་སྐུད་ལམ་ཞིག་གསོ་བྱེད་པར་བཀག་འགོག་བྱས་པར་མ་ཟད། ཚབ་བྱེད་སྐུད་ལམ་བཀོལ་བར་ཡང་བཀག་རྒྱ་བཟོས་ཡོད། ཟླ་ངོ་འགའི་རིང་ལ་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཐེངས་མང་བོར་ཚབ་བྱེད་སྐུད་ལམ་དེ་སླར་གསོ་བྱེད་རྩིས་བྱས་ཀྱང་དབྱི་སི་རལ་གྱིས་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།