​ཕུའུ་ཅིན་གྱིས་དབྱི་ལིང་དང་དབྱི་སི་རལ་གྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ་འཁྲུག་རྩོད་རིམ་པ་ཇེ་དམའ་རུ་གཏོང་བར་སྐུལ་འདེད་བཏང་།
2025.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས13ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་གྱིས་དབྱི་ལིང་ལ་དྲག་ཤུགས་འགུལ་སྐྱོད་སྤེལ་བ་ལས་གནས་བབ་ཛ་དྲག་ཏུ་གྱུར་ཡོད་པར་དམིགས་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་སོ་སོར་དབྱི་ལིང་གི་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ལ་ཁ་པརབཏང་སྟེ། འཁྲུག་རྩོད་གནས་བབ་ཞི་འཇགས་སུ་གཏོང་བར་སྐུལ་འདེད་བཏང་།

ཕུའུ་ཅིན་གྱིས་ཕའེ་ཙེ་ཞི་ཆི་དབྱང་ལ་ཁ་པར་གཏོང་སྐབས་དབྱི་སི་རལ་གྱི་འཇབ་རྒོལ་ལས་དབྱི་ལིང་གི་མི་སེར་དཀྱུས་མ་དང་བཅས་པའི་མི་སྣ་མང་བོར་ཤི་རྨས་བཟོས་པར་མྱ་ངན་ཞུས་པ་དང་། ཁོས་ནན་གྱིས་བསྟན་དོན། ཨུ་རུ་སི་ཡིས་དབྱི་སི་རལ་གྱི་འགུལ་སྐྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་ཡོད་པར་སྐྱོན་འཛུགས་བྱས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཤུགས་ཆེན་པོས་ཞི་བའི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད། བྱེ་བྲག་གི་གྲོས་འགོ་བཏོན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་ལིང་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་འཁྲུག་རྩོད་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་གཏོང་སྐབས་ཕུའུ་ཅིན་གྱིས་གྲོས་མོལ་འཕེལ་རིམ་སྲལ་གསོ་བྱེད་པ་དང་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པ་དང་འབྲེལ་བའི་གནད་དོན་ཚང་མ་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པར་མ་ཟད། འདུམ་འགྲིག་བྱས་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།