འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཝ་ཏི་ཧྥུའུ་ཨར་གྱིས་ཚེས13ཉིན་ཨེ་ཅིབ་ཏུ་འཚམས་འདྲི་བྱེད་སྐབས་བསྟན་དོན། དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་དེར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཕྱོགས་སོ་སོས་རང་ཚོད་བཟུང་ནས་ས་ཁུལ་ཧྲིལ་བོའི་བདེ་འཇགས་ལ་ཉེན་ཁའི་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱེད་དགོས་ཟེར། ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཀྱང་ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཝ་ཏི་ཧྥུའུ་ཨར་གྱིས་ཨ་པུའུ་ཏུའུ་ལེ་ཨ་ཐིས་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་རྗེས། དབུས་ཤར་ས་ཁུལ་གྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར།
ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཉེན་བརྡ་བཏང་སྟེ། དབུས་ཤར་ས་ཁུལ་དེ་ཉེན་ཁའི་གནས་སུ་ཡོད་པ་དང་། དམག་དོན་གྱི་ཐག་གཅོད་ཇུས་གཞི་ལས་ས་ཁུལ་ལ་གཏན་འཇགས་དང་བདེ་འཇགས་སྐྲུན་མི་ཐུབ་ཟེར། ཁོས་ཨེ་ཅིབ་ཀྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པའི་འབོད་སྐུལ་གཏོང་བའི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པར་མ་ཟད། རྒྱལ་སྤྱིའི་རྒྱབ་སྐྱོར་འོག་མཚོ་དམར་མཚོ་ཁོངས་ཀྱི་འགྲུལ་བཞུད་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པ་ནན་བཤད་བྱས།
ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཉིན་དེའི་ཞོགས་པར་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ལ་ཁ་པར་བཏང་སྟེ། ཨེ་ཅིབ་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ། རྒྱལ་ཁབ་གཅིག་གྱུར་བཅས་ལ་གནོད་སྐྱེལ་བའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་བཏང་ནས་ངོ་རྒོལ་བྱེད་བཞིན་ཡོད་པ་ནན་བཤད་བྱས།
ཨ་པུའུ་ཏུའུ་ལེ་ཨ་ཐིས་ཀྱིས་ཉིན་དེར་སོ་སོར་ཧྥ་རན་སི་དང་ཞི་ལཱ། སེ་ཕུའུ་ལུའུ་སི། དབྱི་རག ཁཱ་ཐར་སོག་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་བར་ཁ་པར་གྲོས་མོལ་བྱས། རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་མཐུན་སྦྱོར་ཟབ་མོ་བྱེད་པ་དང་། མཉམ་དུ་འབད་བརྩོན་བྱས་ནས། ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་དབུས་ཤར་ས་ཁུལ་དེ་ཟང་ཟིང་གི་གནས་སུ་ལྷུང་བར་སྔོན་འགོག་བྱེད་པར་འཐད་པ་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།