ཧྥ་རན་སིའི་སྲིད་འཛིན་མཱ་ཁི་ལུང་གིས་ཚེས13ཉིན་དབྱི་སི་རལ་དང་དབྱི་ལིང་གིས་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་ནས་དབུས་ཤར་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་པཱ་ལོ་ཡིས་ཉིན་དེར་བཤད་རྒྱུར། ས་ཁུལ་གྱི་གནས་བབ་འགྱུར་ལྡོག་ལས་ཧྥ་རན་སི་ཡིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་པའི་ཆོད་སེམས་ལ་འགྱུར་བ་འབྱུང་མི་སྲིད་ཟེར།
མཱ་ཁི་ལུང་གིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་པ་དེས་ས་ཁུལ་ཧྲིལ་བོའི་གཏན་འཇགས་ལ་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱེད་ཆེད། ཧྥ་རན་སིའི་ཡིས་ཕྱོགས་སོ་སོས་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་ནས་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་བ་ཡིན། ཧྥ་རན་སི་ཡིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། དབུས་ཤར་ས་ཁུལ་གྱི་གནས་བབ་ཞི་འཇགས་སུ་འགྲོ་བར་སྐུལ་འདེད་གཏོང་རྩིས་ཡོད་ཟེར། ཁོས་ཉིན་དེར་སོ་སོར་སོ་ཏི་ཨ་རབ་དང་ཅོར་ཏན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁཱ་ཐར། འཇར་མན། དབྱིན་ཇི། ཨ་མེ་རི་ཁ་བཅས་ཀྱི་འགོ་ཁྲིད་པར་ཁ་པར་གྲོས་མོལ་བྱས་ཡོད་ཟེར།
མཱ་ཁི་ལུང་གིས་ད་རུང་བཤད་རྒྱུར། ཧྥ་རན་སི་ཡིས་ཐེངས་མང་བོར་དབྱི་ལིང་གིས་ཉིང་རྡུལ་ནུས་པའི་འཆར་གཞི་ལག་བསྟར་བྱས་པར་རྒོལ་གཏམ་བཏང་མྱོང་བར་མ་ཟད། འོས་འཚམ་གྱི་ཕྱི་འབྲེལ་བྱེད་ཐབས་སྤྱད་དེ་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
པཱ་ལོ་ཡིས་ཉིན་དེར་ཕཱ་རེ་སི་ནས་སྤེལ་བའི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་པའི་གྲོས་ཚོགས་སྟེང་དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་པའི་གནད་དོན་གླེང་སྐབས་བསྟན་དོན། ས་ཁུལ་དེའི་གནས་བབ་ཅི་འདྲ་ཞིག་ཏུ་གྱུར་ཡང་། ཧྥ་རན་སི་ཡིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་ཟེར། སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧྥ་རན་སི་དང་སོ་ཏི་ཨ་རབ་ཀྱིས་ཟླ་དྲུག་པར་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་གཙོ་སྒྲུབ་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། ཧྥ་རན་སི་ཡིས་སྐབས་ཐོག་དེར་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་ཀྱང་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།