ཅོར་ཏན་གྱིས་དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་།
2025.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས13ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། ཅོར་ཏན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཧན་མའོ་ཏི་མུའུ་མཱ་ནེ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་གྱིས་རང་གི་མཁའ་ཁོངས་ལ་བཙན་འཛུལ་ཐེབས་སུ་མི་སྲིད་པ་དང་། འཁྲུག་རྩོད་གང་རུང་གི་གཡུལ་སར་འགྱུར་མི་སྲིད་ཟེར།

ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡི་གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་པ་ནི་བདག་དབང་ཅན་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་བཅའ་ཁྲིམས། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལ་མངོན་སུམ་འཛེམ་མེད་ཀྱིས་གནོད་སྐྱེལ་བ་ཡིན་པར་མ་ཟད། མུ་མཐུད་དུ་ཛ་དྲག་ཏུ་འགྱུར་བཞིན་པའི་བཙན་འཛུལ་དེ་རིགས་ལས་མཇུག་འབྲས་ཚབས་ཆེན་བྱུང་ནས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་སྲིད་པའི་ཉེན་བརྡ་བཏང་།

གསལ་སྒྲོག་ལས་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་དགོས་པ་བསྐྱར་སྒྲོག་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྲེལ་མྱུར་འགུལ་སྐྱོད་སྤེལ་ནས་འཇབ་རྒོལ་དེར་བཀག་འགོག་བྱས་ཏེ། དེ་འདྲ་ཡང་བསྐྱར་མི་འབྱུང་བ་དང་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ས་དེའི་ཚེས13ཉིན་གྱི་ཞོགས་པར། དབྱི་སི་རལ་གྱིས་དབྱི་ལིང་གི་མངའ་ཁོངས་ཀྱི་དམིགས་འབེན་མང་བོར་བར་སྣང་འཇབ་རྒོལ་བྱས། དེའི་རྗེས་སུ་དབྱི་ལིང་གིས་དབྱི་སི་རལ་ལ་མི་མེད་གནམ་གྲུ་བརྒྱ་ལྷག་གཏོང་འཕེན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།