དབྱི་ལིང་གིས་དབྱི་སི་རལ་གྱི་འཇབ་རྒོལ་ལུགས་མཐུན་གྱི་རྒོལ་ལན་དྲག་པོ་སྤྲོད་རྒྱུ་རེད།
2025.06.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས13ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་སྲིད་འཛིན་ཕའེ་ཙེ་ཞི་ཆི་དབྱང་གིས་ཉིན་དེར་དབྱི་སི་རལ་གྱིས་དབྱི་ལིང་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་བ་དང་། དབྱི་ལིང་གིས་ལུགས་མཐུན་གྱི་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཟེར།

ཕའེ་ཙེ་ཞི་ཆི་དབྱང་གིས་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེར་ཏི་ཧེ་ལན་དང་བཅས་པའི་དབྱི་ལིང་གི་གྲོང་ཁྱེར་མང་བོར་འཇབ་རྒོལ་བྱས་ཏེ། བུད་མེད་དང་བྱིས་པ། ཉེས་མེད་མི་སེར། དམག་དོན་བཀོད་འདོམ་དཔོན་པོ། ཉིང་རྡུལ་ནུས་པའི་ཆེད་མཁས་པ་བཅས་འདུས་པའི་མི་སྣ་མང་བོར་ཤི་རྨས་བཟོས། དབྱི་སི་རལ་གྱི་ཐ་ཤལ་གྱི་བྱ་སྤྱོད་དེར་དབྱི་ལིང་ཁ་རོག་འདུག་མི་སྲིད་པར། ལུགས་མཐུན་གྱི་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཟེར།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས13ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་འཕྲིན་ཡིག་བསྐུར་ཏེ། དབྱི་སི་རལ་གྱིས་དབྱི་ལིང་ལ་དམག་དོན་བཙན་འཛུལ་བྱས་པ་ནི་འགྲན་སློང་བྱས་པ་ཡིན་ལ། ཆེས་མ་མཐའི་ཚད་ཐིག་ལས་བརྒལ་ཡོད་ཟེར། ཁོས་བསྟན་དོན། དབྱི་ལིང་གིས་ནུས་པ་གང་ཡོད་ཀྱིས་རང་གི་བདག་དབང་དང་མི་དམངས། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན། དབྱི་སི་རལ་རང་གི་ཧོལ་རྒྱུག་བྱ་སྤྱོད་དང་འཐབ་ཇུས་ནོར་འཆུག་ཚབས་ཆེན་དེར་བློ་འགྱོད་སྐྱེས་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།