དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་མང་བོར་དབྱི་ལིང་གི་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་ཏི་ཧེ་ལན་གྱི་སྣུམ་གསོག་སྒྲིག་ཆས་གཉིས་ལ་འཇབ་རྒོལ་ཐེབས།
2025.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་བྱང་ངོས་ཀྱི་ཧེ་ཧྥ་སོགས་ས་ཁུལ་དུ་ཚེས14ཉིན་གྱི་དགོང་མོར་དབྱི་ལིང་གི་འཕུར་མདའི་འཇབ་རྒོལ་ཐེབས། དབྱི་སི་རལ་གྱི་སྨྱན་བྱད་དང་མྱུར་སྐྱོབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། འཕུར་མདའ་བཞི་བཅུ་ཙམ་གྱི་འཇབ་རྒོལ་དེ་ལས་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞིར་རྨས་ཕོག་ཟེར། དབྱི་ལིང་གི་སྨྱན་བྱད་ཀྱིས་ཚེས15ཉིན་གྱི་ཞོགས་པར་བསྒྲགས་པ་ལྟར་ན། རྒྱལ་ས་ཏི་ཧེ་ལན་ཉེ་འདབས་ཀྱི་སྣུམ་གསོག་སྒྲིག་ཆས་གཉིས་ལ་ཚེས14ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་འཇབ་རྒོལ་ཐེབས་ཡོད་ཟེར།

གསར་འགོད་པའི་ཁ་པར་གྱི་ཉེན་བརྡའི་མ་ལག་ལས་མངོན་པ་ལྟར་ན། ཧེ་ཧྥ་སོགས་དབྱི་སི་རལ་བྱང་ངོས་ཀྱི་གྲོང་ཁྱེར་མང་བོ་ནས་མཁའ་སྲུང་ཉེན་བརྡ་གྲགས་པ་དང་། གསར་འགོད་པས་ཡེ་ལུའུ་སཱ་ལེམ་ནས་མཚན་མོའི་མཁའ་དབྱིངས་སུ་འཕུར་མདའ་མང་བོ་གཏོང་འཕེན་བྱེད་པ་མཐོང་།

དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་ཟོན་རུ་ཁག་གིས་ཚེས14ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཡང་བསྐྱར་དབྱི་ལིང་ལ་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲད་པ་དང་། དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་གི་མཁའ་དམག་གིས་ཉིན་དེར་འཕུར་མདའ་དང་མི་མེད་གནམ་གྲུ་མང་བོ་བཀོལ་ནས་དབྱི་སི་རལ་ལ་ཆམ་ཕབ་བཏང་ཡོད་ཟེར།

དབྱི་ལིང་མེད་ཧི་ཨར་འཕྲིན་གཏོང་ཁང་གིས་ཚེས15ཉིན་གྱི་ཞོགས་པར་དབྱི་ལིང་རྡོ་སྣུམ་པུའུ་ཡིས་སྤེལ་བའི་གསལ་སྒྲོག་དྲངས་པ་ལྟར་ན། ཏི་ཧེ་ལན་བྱང་ངོས་ཀྱི་ཧྲ་ཧི་ལན་སྣུམ་གསོག་མཛོད་དང་གྲོང་ཁྱེར་དེའི་ལྷོ་ངོས་སུ་ཡོད་པའི་འབར་རྫས་གསོག་སྣོད་ལ་ཚེས14ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་འཇབ་རྒོལ་ཐེབས་པ་དང་། སྣུམ་གསོག་སྒྲིག་ཆས་དེ་གཉིས་སུ་སྣུམ་མང་བོ་གསོག་མེད་པས་མེ་སྐྱོན་ལ་ཚོད་འཛིན་བྱུང་ཡོད་ཟེར།

ཚེས14ཉིན་གྱི་ཞོགས་པར། དབྱི་ལིང་ལྷོ་ངོས་ཀྱི་པུའུ་ཧྲི་ཨར་ཞིང་ཆེན་གྱི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་གཉིས་ལ་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཐེབས་ཏེ། སྒྲིག་ཆས་སྐོར་ཞིག་ལ་འགས་གཏོར་བྱུང་ནས་མེར་འབར། དབྱི་སི་རལ་གྱི་རྒྱལ་ཁོངས་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དེ་ནི་དབྱི་སི་རལ་གྱིས་ཐོག་དང་པོར་དབྱི་ལིང་གི་ནུས་ཁུངས་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་བྱས་པ་རེད།

ཚེས13ཉིན་གྱི་ཞོགས་པར་དབྱི་སི་རལ་གྱིས་གཞི་རྒྱ་ཆེ་བའི་སྒོ་ནས་དབྱི་ལིང་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། ཉིང་རྡུལ་ནུ་པའི་སྒྲིག་ཆས་དང་དམག་དོན་དམིགས་འབེན་ལ་འགས་གཏོར་བཏང་སྟེ། མི་སྣར་ཤི་རྨས་ཆེན་པོ་བཟོས་ཡོད་ལ། དབྱི་ལིང་གིས་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་ཕྱིར་རྒོལ་ལན་སྤྲད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།