དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས14ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱེད་སྐབས་དབྱི་ལིང་གི་དམག་དོན་བཀོད་འདོམ་དཔོན་པོ་ཉི་ཤུ་ལྷག་བསད་ཡོད་པ་དང་། དེའི་ནང་དབྱི་ལིང་གི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་གསང་འཕྲིན་པུའུ་ཡི་པུའུ་ཀྲང་དང་དབྱི་ལིང་དབྱི་སི་ལན་གསར་བརྗེའི་ཉེན་ཟོན་རུ་ཁག་གི་ས་ངོས་འཕུར་མདའི་དམག་དཔུང་གི་བཀོད་འདོམ་དཔོན་སོགས་འདུས་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཏའེ་ཧྥེ་ལིན་གྱིས་ཚེས14ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་དབྱི་ལིང་མངའ་ཁོངས་ཀྱི་དམིགས་འབེན་བརྒྱ་དང་ལྔ་བཅུ་ལྷག་དང་སྒེར་ཚུགས་ཀྱི་སྒྲིག་ཆས་བཞི་བརྒྱ་ལྷག་ལ་ཆམ་ཕབ་བཏང་ཡོད་པ་དང་། འཕུར་མདའ་ལ་འབྲེལ་བ་ཡོད་པའི་དམིགས་འབེན་དང་མཁའ་སྲུང་མ་ལག བཀོད་འདོམ་དང་གཏོང་འཕེན་སྒྲིག་ཆས་སོགས་བཞི་བཅུ་ལྷག་ལ་འཇབ་རྒོལ་བྱས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་དེའི་དམིགས་ཡུལ་ནི་དབྱི་ལིང་གིས་དབྱི་སི་རལ་ལ་ཐེབས་པའི་ཉིང་རྡུལ་ནུས་པའི་འཇིགས་ཉེན་དང་འཕུར་མདའི་འཇིགས་ཉེན་མེད་པར་གཏོང་ཆེད་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།